༧གོང་ས་མཆོག་གིས་འཇར་མན་གྲོས་ཚོཊ་ཀྱི་འཐུས་མི་ཁག་ཅིག་ལ་མཇལ་ཁ་བསྩལ་བ།
འཇར་མན་གྲོས་ཚོགས་ཀྱི་འཐུས་མི་ཚོར་མཇལ་ཁའི་སྐབས་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་འབྲེལ་བའི་སྐོར་བཀའ་སློབ་བསྩལ་ཡོད་པ་དང་ཁོང་རྣམས་ནས་ཀྱང་། ༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་གཞིར་བཟུང་ཕྱག་ལས་གནང་རྒྱུ་ཡིན་པ་སྙན་སེང་ཞུས་སོང་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
དེང་གི་དུས་སུ་འཛམ་གླིང་ནང་དམག་འཁྲུག་མང་པོ་འགྲོ་བཞིན་པའི་སྐབས་འདིར། ང་ཚོས་འཛམ་གླིང་འདིའི་ནང་ཞི་བདེ་བསྐྲུན་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རེ་བ་ཆེན་པོ་ཞུ་གི་ཡོད་ཅེས། ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་མཁན་འཇར་མན་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་ཅིག་གིས་གསུང་གི་འདུག

དེ་ཡང་མཇལ་ཁ་གྲུབ་མཚམས་འཇར་མན་གྲོས་ཚོགས་འཐུས་མི་ (Günter Krings) ལགས་ཀྱིས། “དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་ཆེན་པོ་ཞིག་ལ་དངོས་སུ་མཇལ་རྒྱུ་བྱུང་བ་དེ་ནི་ཉམས་མྱོང་དམིགས་བསལ་ཅན་ཞིག་བྱུང་ཞིང་། ལྷག་པར་འཇར་མ་ནིའི་ནང་༧གོང་ས་མཆོག་ནི་ཧ་ཅང་སྙན་གྲགས་ཆེན་པོ་ཡོད། དེང་གི་དུས་སུ་འཛམ་གླིང་ནང་དམག་འཁྲུག་མང་པོ་འགྲོ་བཞིན་པའི་སྐབས་འདིར། ང་ཚོས་འཛམ་གླིང་འདིའི་ནང་ཞི་བདེ་བསྐྲུན་པར་༧གོང་ས་མཆོག་ལ་རེ་བ་ཞུ་གི་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་དགུང་གྲངས་དགུ་བཅུར་ཕེབས་ཀྱི་ཡོད་ཀྱང་གསེར་ཞལ་གསོན་ཉམས་ལྡན་པ་ཞིག་ཡོད་པར་བརྟེན། མི་མང་པོ་རྟག་ཏུ་ཁོང་གིས་ཡིད་དབང་འཕྲོག་གི་ཡོད་པ་རེད།” ཅེས་གསུངས་ཀྱི་འདུག་ལ། འཇར་མན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ (Dr. Bastian Schneider) ལགས་ཀྱིས། “ཐེངས་འདིར་༧གོང་ས་མཆོག་མཇལ་བར་ཚོར་བ་དམིགས་བསལ་ཅན་ཞིག་བྱུང་། འཇར་མ་ནིའི་ནང་མི་རྣམས་ཀྱིས་ཁོང་ལ་འཛམ་གླིང་འདིའི་ཐོག་གི་ཞི་བདེའི་ཐོག་མཛད་འཕྲིན་སྐྱོང་མཁན་གྱི་མགྲིན་ཚབ་ཞིག་ཏུ་ངོས་འཛིན་གྱིས་ཧ་ཅང་མཚན་སྙན་ཆེ་བ་ཞིག་རེད། མཇལ་ཁའི་སྐབས་༧གོང་ས་མཆོག་གིས་སྐུ་ན་ཕྲ་བའི་དུས་ཀྱི་འཇར་མན་དང་འབྲེལ་བའི་གནད་དོན་ཁག་ཅིག་ཕྱིར་དྲན་གནང་སོང་།” ཞེས་གསུངས་བྱུང་།

ཡོ་རོབ་ནང་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་པ་སྟེ། ཉེ་ལམ་ཡོ་རོབ་གྲོས་ཚོགས་ཀྱིས། རྒྱ་ནག་གིས་གསར་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་ཡོ་རོབ་གྲོས་ཚོགས་ནས་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་པ་དང་། ཁྲིམས་ཡིག་དེས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་གནོད་འཚེ་གཏོང་སྲིད་པ་མ་ཟད། ད་དུང་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད་ལ། ལྷག་པར་དུ་འཇར་མ་ནི་རྒྱལ་ཡོངས་སུ་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གྲོང་ཁྱེར་དང་གྲོང་རྡལ་ ༤༠༠ ལྷག་གི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་བོད་ཀྱི་གནད་དོན་ཐོག་ལ་དམིགས་བསལ་སེམས་འཁུར་ཡོད་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད་པ་རེད།

གཞན་ཡང་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེ་ནས་ཡིན་པ་རྒྱ་གར་རྒྱལ་ཡོངས་ (MMA) ཞེས་ཁུ་ཚུར་དྲག་རྩལ་རྩེད་འགྲན་པ་བསོད་ནམས་འཛོམས་པ་ (Sonam Zomba) ལགས་ཀྱིས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་ཁོང་གིས། ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པར་བརྗོད་མི་ཐུབ་པའི་ཚོར་བ་ཞིག་བྱུང་ལ། ང་ལ་མཚོན་ན་དེ་རིང་ནི་བྱིན་རླབས་ཅན་དང་བཀྲ་ཤིས་པའི་ཉིན་མོ་ཞིག་རེད། མཇལ་ཁའི་སྐབས་ངས་༧གོང་ས་མཆོག་ལ་ངའི་ལས་ཀ་དང་འབྲེལ་བའི་སྐོར་སྙན་གསེང་ཞུས་པར་ཁོང་གིས། ང་ལ་བློ་གྲོས་དང་གདེང་ཚོད་ཡོད་པའི་ཐོག་ནས་འཐབ་རྩོད་བྱེད་དགོས་པའི་བཀའ་སློབ་གནང་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་། ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
