སྐབས་ ༡༦ བཀའ་ཤག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཐོན་མཇལ་ཞུས།

སྐབས་བཅུ་དྲུག་པའི་བཀའ་ཤག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཐོན་མཇལ་ཞུས་པ།

སྐབས་བཅུ་དྲུག་པའི་བཀའ་ཤག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཐོན་མཇལ་ཞུས་པ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་བོད་མི་ཙམ་མ་ཟད་རྒྱ་རིགས་རྣམས་ཀྱིས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་འགན་རྐང་བཞེས་མཁན་གྱི་བསྟི་གནས་གྱོང་ཐག་ཆོད་ཅིག་འདུག་བསམ་པ་ཡོང་གི་ཡོད་པས་ཡག་པོ་ཞེ་དྲགས་འདུག་ཅེས། སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཐོན་མཇལ་ཞུས་པའི་སྐབས་བཀའ་བསྩལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུས་པའི་ཤེས་རིག་བཀའ་བློན་དང་། ཕྱི་དྲིལ་བཀའ་བློན། བདེ་སྲུང་བཀའ་བློན་བཅས་ཀྱིས། སྐབས་ ༡༦ པའི་བཀའ་ཤག་གི་ལས་ཉིན་མཐའ་མ་དང་བསྟུན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་སྦྲགས། མཇལ་ཁའི་སྐོར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ད་བར་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན། འཛིན་སྐྱོང་གི་ལས་དོན་གང་གྲུབ་པ་དེ་དག་ཆ་ཚང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་བརྟེན་ནས་བྱུང་ཡོད་པ་དང་། སྐབས་བཅུ་དྲུག་པའི་བཀའ་ཤག་གིས་ལོ་ལྔའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཙོ་བོར་གཞིར་བཞག་གིས་ཞབས་འདེགས་ཞུས་ཡོད་ལ། བཀའ་ཤག་འདིའི་དུས་ཡུན་ཁྲིད་བུད་མེད་བཀའ་བློན་མང་ཤོས་ཆགས་བསྡད་ཡོད་ཅིང་། ཚང་མས་ཧུར་ཐག་གནང་ཡོད་ཅེས་སྙན་གསེང་སྒྲོན་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། དེ་བཞིན་བཀའ་ཤག་ལྷན་རྒྱས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པའི་སྐབས། འདས་པའི་ལོ་ལྔའི་རིང་བཀའ་ཤག་སྐབས་བཅོ་དྲུག་པའི་ལྷན་ཁང་རེ་རེའི་ལས་བསྡོམས་སྙིང་བསྡུས་ཤིག་ཀྱང་ཕུལ་འདུག

སྐབས་ ༡༦ བཀའ་ཤག་གི་བཀའ་བློན་རྣམ་པར་༧གོང་ས་མཆོག་གིས་ཐོན་མཇལ་བསྩལ་བ། ༢༠༢༦།༥།༢༦
སྐབས་ ༡༦ བཀའ་ཤག་གིས་ཐོན་མཇལ་ཞུས། སྐབས་ ༡༦ བཀའ་ཤག་གི་བཀའ་བློན་རྣམ་པར་༧གོང་ས་མཆོག་གིས་ཐོན་མཇལ་བསྩལ་བ། ༢༠༢༦།༥།༢༦ (Tibet.Net)

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྐབས་བཅོ་དྲུག་པའི་བཀའ་ཤག་གི་ལས་དོན་ལེགས་གྲུབ་བྱུང་བར་བཀའ་དྲིན་ཆེ་ཞེས་གསུངས་པ་དང་སྦྲགས། བོད་ནང་གི་བོད་མི་ཙམ་མ་ཟད་རྒྱ་རིགས་རྣམས་ཀྱིས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་འགན་རྐང་བཞེས་མཁན་གྱི་བསྟི་གནས་གྱོང་ཐག་ཆོད་ཅིག་འདུག་བསམ་པ་ཡོང་གི་ཡོད་པས་ཡག་པོ་ཞེ་དྲགས་འདུག་ཅེས་དང་། བཙན་བྱོལ་ནང་གི་བོད་མི་ཚོས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་དགོས་པ་བཀའ་བསྩལ་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅོ་དྲུག་པའི་བཀའ་ཤག་གི་བཀའ་བློན་རྣམ་པར། སྒྲོལ་མའི་སྐུ་ཐང་ཐོག་ཕྱག་མཚན་འཁོད་པ་ཞིག་དང་། ཐུབ་དབང་གི་སྐུ་བརྙན་རེ་གསོལ་རས་བསྩལ་འདུག

མཇལ་ཁ་གྲུབ་མཚམས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས། ཐོག་མར་ཁོང་རྣམ་པ་བཀའ་ཤག་སྐབས་བཅོ་དྲུག་པའི་བཀའ་བློན་གྱི་དམ་བཅའ་མ་བཞེས་གོང་བཙན་བྱོལ་སྤྱི་ཚོགས་དེ་འཁྲུག་ཆ་དོད་ཅིང་དཀའ་རྙོག་ཆེ་བའི་སྐབས་ཡིན་ནའང་། ད་ལྟའི་ཆར་ལས་འཁྱུར་ཟིན་ཏེ་ཐོན་འགྲོ་དུས་བཙན་བྱོལ་བོད་མིའི་མང་གཙོ་ཀ་བ་གསུམ་ཆ་ཚང་བ་ཞིག་ཏུ་གྱུར་ཡོད་པར། ང་ཚོས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་ལ། ལོ་རྒྱུས་ཀྱི་ཐོག་ནས་སྲིད་སྐྱོང་ཕུད་པའི་བཀའ་བློན་གསུམ་ཀ་བུད་མེད་ཡིན་པའི་དུས་མི་འདྲ་བ་ཞིག་ཡིན་ཞིང་། དུས་ཡུན་དེའི་ཁྲོད་མཉམ་རུབ་ཀྱི་ནུས་པ་དང་ཉམས་མྱོང་ཧ་ཅང་ཡག་པོ་བྱུང་ཞེས་གསུངས་བྱུང་།

སྐབས་ ༡༦ བཀའ་ཤག་གི་བཀའ་བློན་རྣམ་པར་༧གོང་ས་མཆོག་གིས་ཐོན་མཇལ་བསྩལ་བ། ༢༠༢༦།༥།༢༦
སྐབས་ ༡༦ བཀའ་ཤག་གི་བཀའ་བློན་རྣམ་པ། ༢༠༢༦།༥།༢༦ སྐབས་ ༡༦ བཀའ་ཤག་གི་བཀའ་བློན་རྣམ་པར་༧གོང་ས་མཆོག་གིས་ཐོན་མཇལ་བསྩལ་བ། ༢༠༢༦།༥།༢༦ (Tibet.Net)

ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་གྲུབ་མཚམས་སྐབས་བཅུ་དྲུག་པའི་བཀའ་ཤག་ལྷན་རྒྱས་མཐའ་མ་དེ་བསྐོང་ཚོགས་གནང་ཡོད་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་བློན་རྣམ་པར་ལས་ཡུན་མཇུག་སྒྲིལ་དང་འབྲེལ་ཆེ་བསྟོད་ཕྱག་འཁྱེར་དང་སྒྲོལ་མའི་སྐུ་ཐང་རེ་ཕུལ་ཡོད་འདུག

ཕྱི་ཟླ་ ༥ ཚེས་ ༢༧ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་མདུན་ནས། སྐབས་བཅུ་བདུན་པའི་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་འཚོག་རྒྱུ་ཡིན་པ་དང་། རིམ་པས་ཚེས་ ༣༡ ཉིན་སྐབས་བཅོ་བརྒྱད་པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་དམ་འབུལ་དང་སྐབས་བཅུ་བདུན་པའི་བཀའ་ཤག་གི་བཀའ་བློན་རྣམ་པ་བསྐོ་གཞག་བཅས་ཀྱི་ལས་རིམ་སོགས་མུ་མཐུད་བསྐྱང་རྒྱུ་ཡིན་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།