སྲིད་སྐྱོང་སྤེན་པ་ཚེ་རིང་ལཊ་ཀྱིས་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་སྐབས་ ༡༧ པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་བཞེས་པ་དང་འབྲེལ། མ་འོངས་ལོ་ལྔའི་རིང་འདས་ལོ་ ༥ ལས་ལྷག་པའི་སྐུ་ལས་བསྐྱོན་རྒྱུ་ཡིན་པ་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་སྐབས་ ༡༧ པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་བཞེས་པ་དང་འབྲེལ། མ་འོངས་ལོ་ལྔའི་རིང་འདས་ལོ་ ༥ ལས་ལྷག་པའི་སྐུ་ལས་བསྐྱོན་རྒྱུ་ཡིན་པ་གསུངས་སོང་།

ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༧ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་མདུན་ནས། སྐབས་ ༡༧ པའི་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་སོང་།

༧གོང་ས་མཆོག་གི་དབུ་བཞུགས་ཐོག་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས་པ། བསྐྱར་འདེམས་བྱུང་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་ཁུར་དམ་འབུལ་ཞུས་པ།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དམ་འབུལ་གྲུབ་མཚམས། ཕྱོགས་གཅིག་ནས་ད་ལྟའི་བོད་ཀྱི་གནས་སྟངས་ཛ་དྲག་པོ་ཆགས་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་དབུ་ཁྲིད་འོག་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེ་ནི་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་གྱིས། གོ་སྐབས་དམ་འཛིན་དང་ཆུད་ཟོས་སུ་མ་བཏང་བའི་ཐོག་ནས་འདས་པའི་ལོ་ལྔའི་རིང་གང་ཐུབ་ཀྱིས་དཀའ་ལས་བརྒྱབ་ཡིན་ལ། མ་འོངས་ལོ་ལྔའི་རིང་དེ་ལས་ལྷག་པའི་དཀའ་ལས་བརྒྱབ་རྒྱུའི་དམིགས་ཡུལ་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྐབས་བཅུ་བདུན་པའི་བཀའ་ཤག་གི་སྲིད་སྐྱོང་དམ་འབུལ་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གསུང་བཤད་ཐོག་མ་དེ་གནང་ཡོད་པ་དེའི་ནང་། བཀའ་ཤག་སྐབས་ ༡༧ པས་ལས་དོན་བྱེད་ཕྱོགས་མཐའ་དག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སུན་བཟོ་མ་དགོས་པ་དང་། གཞིས་བྱེས་བོད་མི་རྣམས་བློ་ཕམ་མི་དགོས་པ་ཞིག་ཡོང་ཐབས་བྱ་རྒྱུ་གཞི་རིམ་གྱི་དམ་བཅའ་བྱ་རྒྱུ་ཡིན་ཞིང་། ༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་ནི་༧རྒྱལ་བའི་བཀའ་བཞིན་བསྒྲུབ་རྒྱུ་དེ་ཡིན་པས། བོད་མི་རྣམས་ཀྱིས་རང་ཉིད་ཆབ་སྲིད་ཀྱི་བཙན་བྱོལ་བ་ཡིན་པའི་ངོ་རྟགས་མ་བརྗེད་པར། སྤྱི་ཚོགས་ནང་ཁུལ་མ་མཐུན་པ་རྣམས་མཐུན་པའི་ཕྱོགས་སུ་བསྒྲིལ་ཐབས་བྱེད་དེ། བོད་སྤྱི་པའི་རྩ་དོན་ཐོག་སོ་སོར་འཁྲི་བའི་ལས་འགན་བསྒྲུབ་རྒྱུའི་སེམས་ཤུགས་བསྐྱེད་དགོས་པའི་འབོད་སྐུལ་ཞུས་སོང་ལ། བཀའ་ཤག་སྐབས་ ༡༦ པའི་ལས་ཡུན་རིང་། ཆབ་སྲིད་དང་། འཛིན་སྐྱོང་། སྤྱི་ཚོགས་བདེ་དོན་གྱི་ལས་དོན་ཁག་ལ་གྲུབ་འབྲས་ཇི་ཐོན་རྣམས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་པ་ཡིན་ཞིང་། གཞིས་བཞུགས་སྤུན་ཟླ་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གདུང་དང་བོད་མི་རིགས་ཀྱི་ངོ་བོ་གཅེས་འཛིན་གྱི་ཆོད་སེམས་རི་རབ་བཞིན་བརྟན་པོར་བཟུང་བ་དེས་བཀའ་ཤག་སྐབས་ ༡༦ པར་ལས་དོན་གཉེར་སྐབས་སེམས་ཤུགས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་ཞེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་འོས་ཤོག་བརྒྱ་ཆ་དྲུག་བཅུ་ཡན་ཐོབ་སྟེ། དངོས་གཞིའི་འོས་བསྡུའི་ནང་ཞུགས་མི་དགོས་པར་སླར་ཡང་སྲིད་སྐྱོང་དུ་བདམས་ཐོན་བྱུང་ཡོད་ཅིང་། དེ་སྔ་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་ལས་འཁུར་དང་གསང་རྒྱའི་དམ་འབུལ་བཞེས་པ་གནང་ཡོད་པའི་སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད་དབུ་བཞུགས་མཛད་ཡོད་པ་རེད་ལ། ཐེངས་འདིར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་སྲིད་སྐྱོང་གི་ལས་ཡུལ་སྐབས་གཉིས་པ་དེ་དབུ་འཛུགས་གནང་ཡོད་པ་རེད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་གྱི་མཛད་སྒོར་རྒྱ་གར་དང་། ཨིན་ཡུལ། སིཀོཊ་ལེནཌ། ཅི་ལི། ཨེལ་སེལ་ལྦེ་ཌོར་བཅས་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། རྒྱ་གར་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཀྱི་སྐུ་ཚབ་གཙོས་པའི་གནད་ཡོད་མི་སྣ་མང་དག་ཅིག་ཕེབས་ཡོད་ཅིང་། ཕྱི་ནང་གི་མང་ཚོགས་སྟོང་ཚོ་བརྒལ་བ་འདུ་འཛོམས་བྱུང་འདུག

ཨ་རིའི་བོད་དོན་ཆེད་དམིཊ་བསལ་འབྲེལ་མཐུད་པའི་འཚམས་འདྲི་གནང་པ།

བོད་མིའི་དབུ་ཁྲིད་དང་མཉམ་ལས་ཐོག་ནས་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ཞེས་གསུངས་འདུག ༢༠༢༦།༥།༢༧
ཨ་རིའི་བོད་དོན་ཆེད་དམིཊ་བསལ་འབྲེལ་མཐུད་པས་འཚམས་འདྲི་གནང་པ། བོད་མིའི་དབུ་ཁྲིད་དང་མཉམ་ལས་ཐོག་ནས་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ཞེས་གསུངས་འདུག ༢༠༢༦།༥།༢༧ (RFA Tibetan)

ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་མཆོག་གིས་ X.Com དྲ་རྒྱའི་ཐོག་ནས། “བཙན་བྱོལ་བོད་མིའི་འོས་བསྡུ་ལེགས་གྲུབ་བྱུང་པར་རྟེན་འབྲེལ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལཊ་སྲིད་སྐྱོང་དུ་བསྐྱར་འདེམས་བྱུང་པར་འཚམས་འདྲི་ཞུས་པ་དང་སྦྲགས། བོད་མིའི་འགོ་ཁྲིད་དང་མཉམ་ལས་གནང་སྟེ་བོད་མི་ཚོར་རྒྱབ་སྐྱོར་མུ་མཐུད་ཞུ་གི་ཡིན་“ཞེས་གསུངས་འདུག

ཁ་སྣོན་གསར་འགོད་དང་པར་རིས་སྒྲིག་བཟོ་བ། བཀྲ་དབང་།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད་དང་། བཀྲ་དབང་།