༧གོང་ས་མཆོག་གིས་སྙིང་རྗེའི་བརྒྱུད་ནས་ཞི་བདེ་སྤེལ་དགོས་པའི་བཀའ་སློབ་བསྩལ་འདུག

བྱམས་སྙིང་རྗེས་སོ་སོའི་སེམས་རྒྱུད་བཟང་དུ་བཏང་ནས་འཛམ་གླིང་ནང་ཞི་བདེ་སྤེལ་དགོས་པའི་བཀའ་སློབ་བསྩལ་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱི་སྙིང་པོ་བྱམས་སྙིང་རྗེས་སོ་སོའི་སེམས་རྒྱུད་བཟང་དུ་བཏང་ནས་འཛམ་གླིང་ཞི་བདེ་སྤེལ་དགོས་པའི་བཀའ་སློབ་བསྩལ་འདུག

དེ་ཡང་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། ཨེ་མོ་རིའི་བྱམས་བརྩེའི་བསྟི་གནས་ཁང་ཐུན་མོང་གི་གོ་སྒྲིག་འོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༧སྐུའི་གོ་སྟོན་སྲུང་བརྩིའི་ཆ་ཤས་སུ་༧གོང་ས་མཆོག་གི་དགོངས་གཞི་ལྟར་ཚན་རིག་དང་བཟང་སྤྱོད། སྙིང་རྗེ་བཅས་གོང་མཐོར་གཏོང་བའི་བརྗོད་གཞིའི་ཐོག་ཉིན་གསུམ་གྱི་ཚོགས་འདུ་མཇུག་སྒྲིལ་དང་འབྲེལ་ཚོགས་བཅར་བ་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། མཇལ་ཁའི་སྐབས་༧གོང་ས་མཆོག་གིས། ལས་གཞི་དེ་བཞིན་སྤེལ་བར་བསྔགས་བརྗོད་གནང་བ་དང་སྦྲགས། གཙོ་བོ་སྐུ་མདུན་གྱི་གསུངས་པའི་བཀའ་སློབ་ནི། ནང་ཆོས་ཀྱི་སྙིང་པོ་བྱམས་པ་དང་སྙིང་རྗེའི་བརྒྱུད་སོ་སོའི་སེམས་བརྒྱུད་བཟང་དུ་བཏང་ནས་འཛམ་གླིང་ནང་ཞི་བདེ་སྤེལ་དགོས་པའི་བཀའ་སློབ་བསྩལ་ཡོད་པ། ཨེ་མོ་རི་བྱམས་བརྩེ་བསྟི་གནང་ཁང་གི་འགན་འཛིན་དགེ་བཤེས་ནེ་གྷི་བློ་བཟང་བསྟན་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སཱི་ཤེས་ཡོན་གྱི་སློབ་གསོ་ནི་དུས་རབས་ཉེར་གཅིག་པའི་ནང་སྤྱི་ཡོངས་ཀྱི་ཤེས་ཡོན་གོང་འཕེལ་གཏོང་བའི་དཔེ་མཚོན་ཞིག་ཏུ་ངོས་འཛིན་བྱེད་ཆོག་ཅེས་ཚོགས་བཅར་བ་རྣམས་ཀྱིས་གསུངས་ཀྱི་འདུག དེ་ཡང་ (Julie and Frank Cohen Family) ནུབ་བྱང་གཙུག་ལག་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་གི་དགེ་རྒན་ཆེན་མོ་རོ་བིན་ནུསི་ལོག་ (Robin Nusslock) ལགས་ཀྱིས། “ཡུ་རོབ་དང་ཨ་རི། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཞོན་སྐྱེས་གཙོ་བོར་གྱུར་བའི་མི་རྣམས་ཀྱི་མི་ཚེའི་ནང་ཁེར་རྐྱང་དང་། སྐྱོ་སྣང་། སེམས་སྡུག་བཅས་ཀྱི་ཚོར་བ་ཇེ་ཆེར་འགྲོ་བཞིན་པ་ནི་དེ་འབྲེལ་ཞིབ་འཇུག་གི་སྙན་ཐོ་ལས་ཤེས་རྟོགས་ཐུབ་པས། སཱི་ཤེས་ཡོན་ལྟ་བུའི་ལས་རིམ་གྱིས་མིའི་ཚོར་བར་སྟངས་འཛིན་བྱེད་ཐབས་དང་། སེམས་ཚོར་བཟང་པོ་སྐྱེད་སྲིང་བྱེད་པར་རམ་འདེགས་སོགས་བྱེད་ཀྱི་ཡོད་པས། སཱི་ཤེས་ཡོན་གྱི་སློབ་གསོ་ནི་དུས་རབས་ཉེར་གཅིག་པའི་ནང་ཤེས་ཡོན་གོང་འཕེལ་གཏོང་བའི་དཔེ་མཚོན་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ཡིན་ཞེས་” གསུང་གི་འདུག་ལ། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྙིང་རྗེ་དང་ཀུན་སྤྱོད་ཀྱི་དགེ་རྒན་ཆེན་མོ་རོ་བརཊི་རོ་སར་(Robert Roeser) ལགས་ཀྱིས། “ངའི་བསམ་པར་སཱི་ཤེས་ཡོན་གྱིས་དེང་རབས་བྲེལ་ཟིང་ཆེ་བའི་འཛམ་བུ་གླིང་འདིར་ང་ཚོར་འཚོ་ཐབས་ལ་མཁོ་བའི་རྩལ་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། བྱམས་བརྩེ་ལག་བསྟར་བརྒྱུད་སེམས་པ་བཟང་པོ་བྱེད་ཐུབ་ཀྱི་ཡོད། ཤེས་ཡོན་སློབ་གསོ་དེ་ནི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་བའི་རྨང་གཞི་ཡིན་པས། ངས་ཚན་རིག་དང་ནང་ཆོས་མཉམ་འབྲེལ་གྱི་སློབ་གསོ་དེ་བཞིན་ན་གཞོན་མང་དག་ཅིག་ལ་བསྙོབ་སྟེ། རང་ཉིད་དང་འབྲེལ་ཡོད་དགའ་ཉེ། དེ་ནས་འཛམ་གླིང་ཡོངས་ལ་ཕན་ཐོགས་པའི་ལམ་བུར་བསྐྱོད་ཐུབ་པའི་རེ་བ་ཡོད་” ཅེས་གསུང་གི་འདུག

དགེ་བཤེས་ངག་དབང་སྐལ་བཟང་ལགས་ཀྱིས། འཛམ་གླིང་ནང་ཞི་བདེའི་ཐོག་ལ་༧སྐུ་མདུན་གྱི་ཐུགས་ཀྱི་དགོངས་པ་ཁྱབ་འདུག་བསམ་པའི་སེམས་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་གནང་གི་འདུག

དགེ་བཤེས་ནེ་གྷི་བློ་བཟང་བསྟན་འཛིན་ལཊ་ཀྱིས་མཇལ་ཁའི་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་བཞིན་པ། ༢༠༢༦།༥།༢༩
ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེ་བསྟི་གནང་ཁང་གི་འགན་འཛིན་དགེ་བཤེས་ནེ་གྷི་བློ་བཟང་བསྟན་འཛིན་ལཊ། དགེ་བཤེས་ནེ་གྷི་བློ་བཟང་བསྟན་འཛིན་ལཊ་ཀྱིས་མཇལ་ཁའི་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་བཞིན་པ། ༢༠༢༦།༥།༢༩ (RFA Tibetan)

ཨེ་མོ་རི་བྱམས་བརྩེ་བསྟི་གནང་ཁང་གི་འགན་འཛིན་དགེ་བཤེས་ནེ་གྷི་བློ་བཟང་བསྟན་འཛིན་ལགས་ཀྱིས། ཉིན་གསུམ་གྱི་ཚོགས་འདུ་དེའི་སྟེང་གཏམ་བཤད་པ་རྣམས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་གསུམ་གཞིར་བཞག་གིས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་སེམས་མྱོང་། བྱམས་བརྩེ་དང་རྣམ་ཤེས། རྟེན་འབྲེལ་བཅས་ཀྱི་སྐོར་གོ་བསྡུར་སྦྱང་བཤད་གནང་ཡོད་ཅིང་། ཚོགས་འདུ་དེའི་ཐོག་ཕྱིའི་རྒྱལ་ཁབ་ཁག་བཅུ་བདུན་ནས་ཚོགས་བཅར་བ་བརྒྱ་དང་བརྒྱད་ཅུ་ལྷག་མཉམ་ཞུགས་གནང་ཡོད་པ་གསུང་གི་འདུག་ལ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ལོ་ཙཱ་བ་བགྲེས་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་ངོ་སྤྲོད་གནང་དོན་ལ། བོད་མི་རྣམས་ནས་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་བྲོ་བ་མྱོང་ཐུབ་མེད་དེ། སྙིང་རྗེ་རྩ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ཀྱང་། སྙིང་རྗེ་རྒྱ་སྐྱེད་དང་གོང་འཕེལ་གཏོང་ཚུལ་བོད་བརྒྱུད་ནང་བསྟན་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་དུས། དེར་སློབ་སྦྱོང་གནང་དགོས་གལ་ཆེ་བ་ཡིན་པ་གསུངས་བྱུང་ལ། ཐེངས་འདིའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐབས་སྤྱན་ཆབ་སིལ་མཁན་མང་པོ་ཡོད་པ་ཕལ་ཆེ་བ་ཕྱི་རྒྱལ་བ་ཆགས་ཀྱི་ཡོད་པས། ཁོང་རྣམས་པས་༧གོང་ས་མཆོག་གི་ཐུགས་ཀྱི་ཡོན་ཏན་མཇལ་ནས་སེམས་འགུལ་ཐེབས་ཏེ་དབང་མེད་དུ་མིག་ཆུ་ཤོར་གྱི་ཡོད་པ་མཐོང་དུས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་སྤྱི་ཡི་སྤྱི་ནོར་ཡིན་པ་ཤེས་རྟོགས་ཐུབ་ཅེས་གསུངས་བྱུང་།

གཞན་ཡང་ཐེངས་འདིའི་མང་མཇལ་ཁྲོད་རྒྱ་གར་གྱི་རྩོམ་པ་པོ་དང་ཚོང་པ་ཆེ་གྲས་དྷི་ནེཤ་ཤྭ་ར་ (Dinesh Shahra) ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་དང་བསྟུན་༧མགོན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་ཕྱག་དེབ་གཉིས་བརྩམས་པ་ཞིག་སྤྱན་འབུལ་ཞུས་ཡོད་པ་རེད་འདུག དེ་ཡང་ཁོང་གིས། “ཐེངས་འདིར་ངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པ་དང་བསྟུན། བདེ་སྐྱིད་གི་གསང་བའི་འབྱུང་ཁུངས་(Secret of happiness) དང་བགྲང་བྱ་ ༩༠ བྱམས་སྙིང་རྗེར་རྗེས་དྲན་ཞུས་པ་ (Celebrating 90 years of compassion) ཞེས་པ་དེབ་གཉིས་བྲིས་ཡོད་པ་དེ་སྤྱན་འབུལ་ཞུས་ཡོད་ཅིང་། དེབ་དེ་བཞིན་བྲིས་པ་དེ་ཡང་ཐོག་མར་ང་ལ་༧གོང་ས་མཆོག་གི་མཇལ་ཁ་དང་པོ་ཐོབ་སྐབས། ཚོར་བ་དམིགས་བསལ་ཅན་ཞིག་བྱུང་ཞིང་རྨི་ལམ་ནང་དུའང་རྨིས་པ་སོགས་བྱུང་བས་ངའི་སེམས་ནང་མི་ཚེ་ཧྲིལ་པོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱབས་སུ་འགྲོ་རྒྱུའི་སེམས་ཚོར་ཆེན་པོ་བྱུང་སོང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་བཀའ་སློབ་དེ་དག་ནི་དོན་སྙིང་ལྡན་པ་ཞིག་རེད་ལ། ཐེངས་འདིར་མཇལ་ཁ་ཐོབ་པར་བསྐལ་བ་བཟང་པོ་བྱུང་།” ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།