༧གོང་ས་ཆེན་པོ་མཆོག་ལ་གོ་ལའི་རོལ་དབྱངས་ཀྱི་བྱ་དགའ་ཆེ་ཤོས་གྷརེ་མི་དངོས་སུ་ཕུལ་བ།

“༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་གྱིས་མ་ཚད་སྒྱུ་རྩལ་བ་ཞིག་ཏུའང་ང་ཚོས་ངོས་འཛིན་ཞུ་གི་ཡོད་”ཅེས་གསུངས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༣ ཉིན་བཞུགས་སྒར་ཕོ་བྲང་དུ་འཛམ་གླིང་ཁྱོན་དུ་རོལ་དབྱངས་ཀྱི་བྱ་དགའ་ཆེ་ཤོས་གྷརེ་མི་དངོས་སུ་ཕུལ་འདུག འདི་ནི་གྷརེ་མི་གཟེངས་བསྟོད་ཀྱི་བྱ་དགའི་ཁོངས་ནས་ “སྒྲ་བཤད་དང་གཏམ་བརྗོད། སྒྲ་དེབ་རྩེ་ཕུད་ཡག་ཤོས” ཞེས་དབྱེ་བའི་ནང་། རྒྱ་གར་གྱི་གནའ་བོའི་རོལ་དབྱངས་དང་མཉམ་སྒོམ་སྒྲུབ་དང་༧གོང་ས་མཆོག་གི་དགོངས་གཞི་གསལ་སྟོན་ “Meditations: The Reflections of His Holiness the Dalai Lama” ཞེས་༧གོང་ས་མཆོག་གི་སྙིང་རྗེ་དང་། ཞི་བདེ། འགྲོ་བ་མི་གཅིག་མཐུན་གྱི་དགོངས་གཞི་གསལ་བའི་གསུང་དེབ་དེར་ཕུལ་བ་ཞིག་ཡིན་པ་རེད། རྒྱ་གར་གྱི་སྲོལ་རྒྱུན་རོལ་དབྱངས་ནང་བཀོལ་སྤྱོད་བྱེད་པའི་རྒྱུད་མང་གི་རོལ་ཆའི་ཐོག་སྙན་གྲགས་ཅན་གྱི་སློབ་དཔོན་ཨམ་ཇཏ་ཨལི་ཁཱན་ (Amjad Ali Khan) དང་ཁོང་གི་བུ་ཨ་མཱན་ཨ་ལི་བང་གྷཤ་ (Amaan Ali Bangash) དང་ཨ་ཡན་ཨ་ལི་བང་གྷཤ་ (Ayaan Ali Bangash) དེ་བཞིན་ཐུགས་འགན་བཞེས་མཁན་གཙོ་གྲས་ཀ་བྷིར་སེ་གྷལ་ (Kabir Sehgal) ལགས་ཆེད་དུ་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་བཅར་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་གི་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་གྷརེ་མི་གཟེངས་རྟགས་ (Grammy Award) ཐོབ་ཡོད་པ་དེ་དངོས་སུ་འབུལ་ལམ་ཞུས་ཡོད་པ་རེད།

"༧གོང་ས་མཆོག་ནི། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་གྱིས་མ་ཚད་སྒྱུ་རྩལ་བ་ཞིག་ཏུའང་ང་ཚོས་ངོས་འཛིན་ཞུ་གི་ཡོད་”ཅེས་གསུངས་པ། ༢༠༢༦།༦།༣
༧གོང་ས་ཆེན་པོ་མཆོག་ལ་གོ་ལའི་རོལ་དབྱངས་ཀྱི་བྱ་དགའ་ཆེ་ཤོས་གྷརེ་མི་དངོས་སུ་ཕུལ་བ། "༧གོང་ས་མཆོག་ནི། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་གྱིས་མ་ཚད་སྒྱུ་རྩལ་བ་ཞིག་ཏུའང་ང་ཚོས་ངོས་འཛིན་ཞུ་གི་ཡོད་”ཅེས་གསུངས་པ། ༢༠༢༦།༦།༣ (OHHDL)

མཇལ་ཁ་གྲུབ་མཚམས་སློབ་དཔོན་ཨམ་ཇཏ་ཨལི་ཁཱན་ (Amjad Ali Khan) ལགས་ཀྱིས། “ང་ཚོའི་མི་ཚེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོད་པ་ནི་བསོད་ནམས་ཆེན་པོ་ཚོར་གྱི་འདུག་ཅིང་། ངས་༧གོང་ས་མཆོག་དགུང་གྲངས་བརྒྱ་ལྷག་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ་ཡི་ཡོད་ལ། ང་ཚོས་མཐུན་སྒྲིལ་དང་ཞི་བདེ་ལྡན་པའི་འཛམ་བུ་གླིང་ཞིག་ལྟ་བར་འདོད་” ཅེས་གསུངས་བྱུང་ལ། སྔ་དྲོར་གཟེངས་རྟགས་མ་ཕུལ་གོང་སྒྱུ་རྩལ་བ་དང་འབྲེལ་ཡོད་འགན་གཙོ་བཞེས་མཁན་ཀ་བྷིར་སེ་གྷལ་ (Kabir Sehgal) ལགས་ཀྱིས། “གཟེངས་རྟགས་འདི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐོབ་ཡོད་ཀྱང་༧གོང་ས་མཆོག་དངོས་སུ་ཕེབས་ཐུབ་མེད་སྟབས། ཐེངས་འདིར་ང་ཚོས་གནས་སྐོར་གྱི་ཚུལ་དུ་༧གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ཆེད་དུ་བཅར་པ་ཡིན། ང་ཚོས་༧གོང་ས་མཆོག་དང་ལྷན་ལས་འཆར་འདིའི་ནང་མཛད་འཕྲིན་བསྐྱངས་གནང་པར་ཧ་ཅང་དགའ་ཚོར་ཆེན་པོ་ཡོང་གི་འདུག་ལ། ༧གོང་ས་མཆོག་ནི། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་གྱིས་མ་ཚད་སྒྱུ་རྩལ་བ་ཞིག་ཏུའང་ང་ཚོས་ངོས་འཛིན་ཞུ་གི་ཡོད་”ཅེས་གསུངས་བྱུང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་ (California) མངའ་སྡེའི་ལོསི་ཨེན་ཇེ་ལིསི་ (Los Angeles) གྲོང་ཁྱེར་དུ་ཚོགས་པའི་སྐབས་ ༦༨ པའི་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་གྷརེ་མི་གཟེངས་རྟགས་ (Grammy Award) འབུལ་བཞེས་ཀྱི་མཛད་སྒོའི་ཐོག འཛམ་གླིང་ཁྱོན་ཡོངས་སུ་རོལ་དབྱངས་རྩེད་ཕུད་ཀྱི་གཟེངས་རྟགས་སྡེ་ཚན་མང་པོ་ཡོད་པའི་ནང་ནས་གསུང་དེབ་རྩེ་ཕུད་ཀྱི་གཟེངས་རྟགས་དེ་ཉིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ (Meditations: The Reflections of His Holiness the Dalai Lama) ཞེས་སྒོམ་སྒྲུབ་དང་༧གོང་ས་མཆོག་གི་དགོངས་གཞི་གསལ་སྟོན་ཞེས་པའི་གསུང་དེབ་ལ་ཕུལ་ཡོད་ཅིང་། གསུང་དེབ་དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སཱ་རོཊ་ (Sarod) ཞེས་རྒྱ་གར་གྱི་སྲོལ་རྒྱུན་རོལ་དབྱངས་ནང་བཀོལ་སྤྱོད་བྱེད་པའི་རྒྱུད་མང་གི་རོལ་ཆའི་ཐོག་སྙན་གྲགས་ཅན་གྱི་སློབ་དཔོན་ སློབ་དཔོན་ཨམ་ཇཏ་ཨལི་ཁཱན་ (Amjad Ali Khan) དང་ཁོང་གི་བུ་ཨ་མཱན་ཨ་ལི་བང་གྷཤ་ (Amaan Ali Bangash) དང་ཨ་ཡན་ཨ་ལི་བང་གྷཤ་ (Ayaan Ali Bangash) མཉམ་སྦྲེལ་མཛད་པ་ཞིག་ཡིན་ཞིང་། གསུང་དེབ་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་སྙིང་རྗེ་དང་ཞི་བདེ་དང་སྒོམ་སྒྲུབ། དྲན་པ་ཉེར་གཞག འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་སོགས་ཀྱི་དགོངས་གཞིའི་སྐོར་གསུང་འདོན་གནང་བཞིན་པའི་ཐོག་རྒྱ་གར་གྱི་སྲོལ་རྒྱུན་རོལ་དབྱངས་མཉམ་གཏོང་ཞུས་པ་ཞིག་རེད་འདུག

ཕྱི་ཟླ་ ༢ ཚེས་ ༡ ཉིན་གྷརེ་མི་གཟེངས་རྟགས་དེ་བཞིན་ཐོབ་པའི་སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། གཟེངས་རྟགས་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧གང་ཉིད་སྐུ་སྒེར་གྱི་གནས་ཚུལ་ཞིག་ལ་ངོས་འཛིན་གནང་གི་མེད་པར། དེ་ནི་ང་ཚོ་ཚང་མའི་ཐུན་མོང་དུ་ཡོད་པའི་ཀུན་ཁྱབ་ཀྱི་འགན་འཁྲིར་ངོས་འཛིན་ཐོབ་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་བཀའ་བསྩལ་འདུག

གཞན་ཡང་སུད་སིའི་རྒྱ་གར་དང་འབྲུག་གི་གཞུང་ཚབ་མ་ཡ་ཊི་ས་ཧྥི་ (Maya Tissafi) ལགས་གིས་ཀྱང་ཕྱི་ཟླ་ ༦ ཚེས་ ༣ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་ཁོང་གིས། ངས་༧གོང་ས་མཆོག་ཐོག་མར་རྒྱ་གར་ནས་མཇལ་བ་དང་ཐེངས་འདིའི་མཇལ་ཁ་ནི་ཐེངས་གཉིས་པ་ཡིན་ཞེས་དང་། དེ་རིང་གི་མཇལ་ཁ་ནི་གཙོ་བོ་༧གོང་ས་མཆོག་ལ་སུད་སི་ནས་འཚམས་འདྲི་དང་སྐུ་གཟུགས་གསལ་ཐང་ཡིན་པ་མཇལ་འདོད་བྱུང་བས་ཡོང་བ་ཡིན་ཞེས་གསུངས་བྱུང་།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།