བོད་མིའི་མང་གཙོའི་ལམ་ལུཊ་ཐད་རྒྱ་ནག་ལ་སྐྱོན་བརྗོད་བྱེད་དབང་མེད་ཅེས་གསུངས་པ།

རྒྱ་ནག་ལྟ་བུའི་མང་གཙོ་མེད་པའི་རྒྱལ་ཁབ་ཅིག་གིས་བོད་མིའི་མང་གཙོའི་ལམ་ལུཊ་ལ་སྐྱོན་བརྗོད་བྱེད་དབང་མེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་པ།

རྒྱ་ནག་ལྟ་བུའི་མང་གཙོ་མེད་པའི་རྒྱལ་ཁབ་ཅིག་གིས་བོད་མིའི་མང་གཙོའི་ལམ་ལུཊ་ལ་སྐྱོན་བརྗོད་བྱེད་དབང་མེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་པ།

ཉེ་ལམ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་བཙན་བྱོལ་བོད་མིའི་འོས་བསྡུའི་བྱ་གཞག་ལ་སྐྱོན་བརྗོད་བྱས་ཡོད་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་བསྩལ་བའི་མང་གཙོའི་ལམ་ལུགས་ལ་རྒྱ་ནག་ལྟ་བུ་མང་གཙོ་མེད་ཅིང་། མི་མང་གི་མངོན་འདོད་རྡོག་རོལ་གཏོང་མཁན་ཞིག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་སྐྱོན་བརྗོད་བྱེད་རྒྱུའི་དབང་ཚད་དང་ཐོབ་ཐང་མེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་པ་དང་བསྟུན། རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ (The Global Times) ཀྱིས་ཕྱི་ཟླ་ ༤ ཚེས་ ༧ རེས་གཟའ་ཉིན་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཕྱི་ལོ་ ༢༠༢༦ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྔུ་དེ་བཞིན་ “འཁྲུལ་སྣང་ཅན་གྱི་ལམ་ལུགས་”ཡིན་པ་དང་། དེ་ནི་“ཁ་བྲལ་རིང་ལུགས་”ཀྱི་བྱ་སྤྱོད་ཅིག་རེད་ཟེར་སྐྱོན་བརྗོད་བྱས་འདུག་ལ། དེ་འབྲེལ་གྱི་ཆེད་རྩོམ་ཞིག་སྤེལ་བའི་ནང་རྒྱ་ནག་གི་ཆེད་ལས་པ་ཁག་ཅིག་ལུང་འདྲེན་གྱིས། བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་ “ས་ཆ་མེད་པའི་འོས་བསྡུ་”ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ནས་འདེམས་སྒྲུག་ཞུས་པའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དེ་ཁ་བྲལ་རིང་ལུགས་པས་སྲིད་དོན་གྱི་རང་བཞིན་རྒྱུན་འཁྱོངས་བྱེད་རྒྱུའི་ཆེད་བཟོས་པ་ཞིག་ཡིན་ཚུལ་སོགས་བཀོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གི་སྐྱོན་བརྗོད་འདི་ནས་རྟོགས་ཐུབ་པ་ནི། བཙན་བྱོལ་ནང་དུ་འགྲོ་བཞིན་པའི་འོས་བསྡུར་རྒྱ་ནག་གཞུང་གིས་དོ་སྣང་བྱེད་བཞིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་བསྩལ་བའི་མང་གཙོ་ཡང་དག་པའི་ལམ་ལུགས་ལ་རྒྱ་ནག་ལྟ་བུ་མང་གཙོ་མེད་ཅིང་།། རྒྱ་ནག་མི་མང་གི་མངོན་འདོད་ལ་རྡོག་རོལ་གཏོང་མཁན་ཞིག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་སྐྱོན་བརྗོད་བྱ་རྒྱུའི་དབང་ཚད་དང་ཐོབ་ཐང་མེད་པ་གསུངས་བྱུང་ལ། བཙན་བྱོལ་ནང་དུ་བོད་མི་གྲངས་འབོར་ཉུང་ཉུང་ཡིན་ཡང་འོས་བསྡུའི་སྐབས་སུ་ཚ་ཚ་འུར་འུར་གྱིས་རྒྱལ་ཁབ་ཉི་ཤུ་ཙམ་གྱི་ནང་དུ་ཉིན་རྒྱ་དུས་གཅིག་ཏུ་འོས་བསྡུ་གནང་ཐུབ་ཀྱི་ཡོད་པ་ནི་མང་གཙོའི་འཕེལ་རིམ་ཐད་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ (The Global Times) ནང་ད་དུང་། བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་རིང་ལུགས་པ་ཡིན་པ་སོགས་ཀྱང་བོད་ཡོད་པར། བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ངོས་ནས་ད་བར་རྒྱ་ནག་གཞུང་དང་མཉམ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་འབད་བཞིན་ཡོད་ལ་མ་འོངས་པར་ཡང་དེའི་ཕྱོགས་སུ་ཤར་བསྐྱོད་བྱ་རྒྱུ་ཡིན་པ་ལས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པ་ལྟར་ཁ་བྲལ་རིང་ལུགས་ཀྱི་གནས་སྟངས་ཞིག་རྩ་བ་ནས་ཆགས་མེད་པ་ནན་བརྗོད་གནང་སོང་།

ང་བོད་ཡིན། ངས་བོད་ལ་འོས་འཕེན། ༢༠༢༦ འོས་བསྡུ་ཆེན་མོར་མི་མང་གི་མཉམ་ཞུགས་དེས་མང་གཙོའི་ལམ་སྲོལ་ལ་ཇི་ཙམ་ཕན་ནུས་བསྒྲུབ་ཐུབ་བམ།

རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་མང་གཙོའི་ལམ་ལུགས་དེ་ཚད་ལྡན་དང་ཡང་དག་པ། དེ་བཞིན་དུས་ཀྱི་འགྱུར་འགྲོས་དང་མཐུན་ཞིང་། མི་མང་གི་མངོན་འདོད་དང་མཐུན་པའི་ཕུག་འདུན་གྱི་ཆབ་སྲིད་ཀྱི་ལམ་ལུགས་གལ་གནད་ཅན་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག

དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། བཙན་བྱོལ་ནང་ལག་བསྟར་བྱེད་བཞིན་པའི་མང་གཙོའི་ལམ་ལུགས་དེ་དུས་ཀྱི་འགྱུར་འགྲོས་དང་མཐུན་ཞིང་མི་མང་གི་མངོན་འདོད་དང་མཐུན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཧ་ཅང་ཡང་དག་པ་ཞིག་ཡིན་ཞིང་། མང་གཙོའི་ལམ་ལུགས་དེར་བོད་མི་ཡོངས་ཀྱིས་ཆབ་སྲིད་ཀྱི་འགན་ཁུར་ཐོག་ནས་མཉམ་ཞུགས་ཀྱིས་ཧ་ཅང་ཚགས་ཚུད་བྱུང་གི་ཡོད་པས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོའི་ཚད་གཞི་དང་གནས་རིམ་དེ་ལྟ་བུ་ཞིག་ལ་སླེབས་ཐུབ་ཡོད་པ་དེས། བོད་མིའི་སྤྱི་ཚོགས་ཀྱིས་མང་གཙོའི་ལམ་ལུགས་དེར་དགའ་ཞེན་དང་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་པ་གསུངས་བྱུང་། ཡང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཚེ་འཕེལ་་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་གསོལ་རས་བསྩལ་བའི་མང་གཙོའི་ལམ་ལུགས་དེ་ཡང་དག་པ་དང་ཚད་ལྡན་རེད་ཅེས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལའང་ཨ་རིས་གཙོས་པའི་རྒྱལ་ཁབ་མང་དག་ཅིག་གིས་མཐུན་འགྱུར་གནང་སྟེ་སྤྱི་ཡོངས་ནས་རྒྱབ་སྐྱོར་གནང་བཞིན་པ་ནི་གཞུང་ཞིག་གི་ངོ་བོར་ངོས་འཛིན་གྱིས་རོགས་སྐྱོར་གནང་གི་ཡོད་པ་གསུངས་ཀྱི་འདུག

དེ་མིན་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་སྤེལ་བའི་ཆེད་རྩོམ་དེའི་ནང་། འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་འཕེན་མཁན་གྱི་མཉམ་ཞུགས་གནང་མཁན་གྱི་ཚད་གཞི་དེ་ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུ་དང་བསྡུར་ན་ཉམས་རྒུད་འགྲོ་བཞིན་པ་དང་། ནང་ཁུལ་གྱི་ “དབང་ཆའི་འཐབ་རྩོད་”ཤུགས་ཆེ་རུ་འགྲོ་བཞིན་པའི་རྟགས་མཚན་ཡིན་པ་སོགས་བརྗོད་ཡོད་ཀྱང་། ཉེ་ལམ་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་གསལ་བསྒྲགས་གནང་སྐབས། འོས་བསྡུ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བ་ཞིག་ལ་བཀའ་ལན་གནང་པའི་ནང་། འདི་ལོར་དེ་སྔ་དང་བསྡུར་ན་བོད་མི་འོས་བསྡུ་དེབ་སྐྱེལ་བྱེད་མཁན་མང་ཤོས་བྱུང་ཡོད་ཀྱང་འོས་འཕེན་པའི་གྲངས་འབོར་དེ་ཙམ་མ་བྱུང་བ་ནི། འདི་ལོའི་སྔོན་འགྲོའི་འོས་བསྡུ་དེ་བཞིན་དགུན་དུས་འཁེལ་ཡོད་པས། བོད་མི་མང་དག་ཅིག་གིས་སུད་ཚོང་ས་གནས་སུ་དཔྱ་ཁྲལ་ལག་དེབ་འཁྱེར་མེད་པར་བརྟེན། སུད་ཚོང་གི་ས་གནས་རེ་ཟུང་ནས་སྔོན་འགྲོའི་འོས་བསྡུའི་ནང་མཉམ་ཞུགས་གནང་ཐུབ་མེད་པ་དང་། མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་སློབ་མ་རྣམས་ལའང་གུང་སེང་མ་རགས་པ་སོགས་དཀའ་ངལ་སྣ་མང་འཕྲད་པའི་དབང་གིས་ཡིན་ཞིང་། ད་རེས་ཟླ་ ༤ ཚེས་ ༢༦ ཉིན་གྱི་དངོས་གཞི་འོས་བསྡུའི་ཉིན་མོ་དེར་གནམ་གཤིས་སོགས་གང་ཅིའི་ཐོག་ནས་ཡག་པོ་ཡོད་པའི་དུས་སྐབས་ཡིན་པས་འོས་འཕེན་མཁན་སྔོན་འགྲོ་འོས་བསྡུ་ལས་མང་དུ་ཡོང་ངེས་ཡིན་པའི་ཚོད་དཔག་གནང་གི་ཡོད་པ་གསུངས་ཡོད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།