འཇར་མཎ་གྲོང་ཁྱེར་ཁག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་མཁན་ཚོར་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པ།
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༠ ཉིན་འཇར་མཎ་གྲོང་ཁྱེར་དང་གྲོང་སྡེ་ཁག་ ༤༠༠ ལྷག་གི་ནང་བོད་ཀྱི་རྒྱལ་དར་སྒྲེང་བཙུགས་བྱས་ཏེ་འདི་ལོ་བགྲང་བྱ་ ༣༠ ཧྲིལ་པོ་འཁོར་བའི་དུས་སྐབས་འདིར་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་བོད་ཀྱི་རྒྱལ་དར་སྒྲེང་བཙུགས་བྱེད་མཁན་འཇར་མཎ་གྱི་མངའ་སྡེ་ ༡༦ ཁོངས་ནས་ཆེ་ཤོས་ Bavaria མངའ་སྡེའི་གྲོང་སྡེ་མང་པོ་ཞིག་ལ་ Munich གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་གི་འགན་འཛིན་ Qiu Xuijen གྱིས་ཡི་གེ་བཏང་སྟེ། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་མེད་པ་དང་འཇར་མཎ་བོད་དོན་ཚོགས་པ་ (Tibet Initiative Deustchland) དང་མཉམ་སྦྲེལ་བྱེད་རྒྱུ་མེད་པའི་སྐུལ་མ་བྱས་འདུག འདི་ནང་ནས་ཡི་གེ་གཅིག་ང་ཚོར་རགས་བྱུང་།

ཡི་གེ་དེའི་ནང་། འཇར་མཎ་བོད་དོན་ཚོགས་པ་འདི་རྒྱ་ནག་གི་ཁ་གཏད་དང་ཁ་བྲལ་བའི་ཚོགས་པ་རེད་ཅེས་འགྲེལ་བརྗོད་བྱས་པ་དང་། འདི་འདྲའི་ཤུགས་རྐྱེན་སྤྲད་པ་འདི་ད་རེས་ཐེངས་དང་པོ་མ་ཡིན་པར། ཕྱི་ལོ་ ༢༠༡༤ དང་ ༢༠༡༦ ལོར་ཡང་གནོན་ཤུགས་སྤྲད་ཡོད་ལ། སྐབས་དེར་ཤུགས་རྐྱེན་དེའི་འོག་བོད་ཀྱི་རྒྱལ་དར་བཙུགས་མཁན་ཕྲན་བུ་ཉུང་དུ་ཕྱིན་ཡོད་པར་ངོས་འཛིན་གནང་མཁན་ཡང་འདུག འོན་ཀྱང་འདི་ལོའི་རྒྱ་ནག་གཞུང་གིས་སྤྲིངས་པའི་ཡི་གེ་དང་དེའི་ནང་དོན་བརྗོད་ཚིག་ཁག་ཟིར་པོ་དང་རྣོ་པོ་ཡོད་པ་བརྗོད་མཁན་བྱུང་།
འཇར་མཎ་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་གཙོ་ཛོཆ་སྦོར་བསྟན་འཛིན་ལིན་ཌ་ལགས་ཀྱིས། “འཇར་མཎ་གྲོང་སྡེ་ཁག་གི་འཛིན་སྐྱོང་དང་སྨྲ་བརྗོད་རང་དབང་ལ་ཐེ་བྱུས་བྱས་པར་ངོས་ལེན་བྱེད་ཐབས་མེད། བོད་དོན་རྒྱབ་སྐྱོར་ལ་དོན་འབྲས་ཤིག་སོན་གྱི་འདུག་” ཅེས་བརྗོད་བྱུང་།

འཇར་མཎ་གྲོང་ཁྱེར་ ༤༠༠ ལྷག་ནང་འདི་ལོ་བོད་ཀྱི་རྒྱལ་དར་སྒྲེང་བཙུགས་བྱེད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་ཟླ་ ༣ ཚེས་ ༩ ཉིན་གནས་ཚུལ་ཞིག་སྤེལ་ཡོད་ལ། ལས་འགུལ་འདི་ཐོག་མར་ཕྱི་ལོ་ ༡༩༩༦ ལོར་གྲོང་ཁྱེར་དང་གྲོང་རྡལ་ ༢༡ ནས་འགོ་བཙུགས་བྱས་པ་ཞིག་དང་། ལོ་ངོ་ ༣༠ གོང་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་མཁན་གྱི་གྲོང་སྡེ་ཁག་ཅིག་གིས་ད་ལྟའང་མུ་མཐུད་སྒྲེང་འཛུགས་གནང་བཞིན་ཡོད་པ་རེད། བོད་མིའི་སྒེར་ལངས་ཀྱི་དུས་དྲན་ཉིན་འཇར་མཎ་གཅིག་པོ་མིན་པར། སུད་སི། ཨི་ཊ་ལི། དབྱིན་ཡུལ། ཕ་རན་སི། ཨ་རིའི་གྲོང་སྡེ་མང་པོས་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་དང་། ཨ་རིར་མཚོན་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ཉིན་མོ་དང་གསུམ་བཅུའི་དུས་དྲན་སོགས་ལ་བསྒྲགས་གཏམ་སྤེལ་ཏེ་རྒྱབ་སྐྱོར་གནང་མཁན་གྱི་མི་ནི་སོ་ཊའི་གྲོང་ཁྱེར་ཁག་ཅིག་ལ་ Chicago གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱིས་ཡི་གེ་བཏང་པ་ཡང་བྱུང་འདུགདེ་ཡང་ཨ་རིའི་མི་ནེ་སོ་ཊ་བོད་མིའི་སྤྱི་མཐུན་ཚོགས་པའི་དྲུང་ཆེ་བསྟན་འཛིན་དབང་འདུས་ལགས་ཀྱིས། སྔ་ལོ་གྲོང་ཁྱེར་གཉིས་ལ་བྱམས་བརྩེའི་ལོ་དང་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་ཡི་ཡོད་པས་བསྒྲགས་གཏམ་ཞུས་པར་གནས་ཚུལ་འདི་ཐོས་མ་ཐག་འཕྲལ་དུ་ཤི་ཁ་ཁོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་གིས་ཤོག་གྲངས་ ༤༥ ཅན་གྱི་ཡི་གེ་ཞིག་བཏང་སྟེ། རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱས་ཏེ་ཨ་རིའི་གྲོང་ཁྱེར་གཉིས་ལ་གནོན་ཤུགས་སྤྲད་ཡོད་ཅེས་གསུངས་བྱུང་།དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་བོད་དོན་རྒྱབ་སྐྱོར་གྱི་སྤྱི་བསྒྲགས་སྤེལ་བ་ཁག་ལ་འགོག་རྐྱེན་བཟོ་ཐབས་བྱས་པ་ཙམ་མ་ཟད། ཨ་རིས་གཙོས་པའི་ནུབ་ཕྱོགས་ཡུལ་གྲུའི་ནང་བོད་ལ་དབྱིན་སྐད་ཐོག་ TIBET ཞེས་ལོ་ངོ་བརྒྱ་ཕྲག་མང་པོར་འབོད་བཞིན་པའི་མིང་ཚིག་གི་ཚབ་ཏུ་དབྱིན་ཡིག་ཐོག་ Xizang ཟེར་རྒྱ་ཁྱབ་ཀྱི་བཀོལ་སྤྱོད་ཡོང་ཐབས་བྱེད་བཞིན་ཡོད་པ་ཡང་གསལ་རྟོགས་བྱུང་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
