ས་ག་ཟླ་བའི་སྐབས་དེར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་དྲ་རྒྱའི་དམ་དྲག་དང་། དྲ་རྒྱའི་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད་པའི་ཐོག་དགོན་པ་དང་མཆོད་མཇལ། གནས་སྐོར་ལ་སྐྱོད་ཡུལ་སོགས་ས་ཆ་མང་པོར་གདོང་དབྱིབས་ངོས་འཛིན་གྱི་པར་ཆས་བེད་སྤྱོད་བཏང་སྟེ་ཞིབ་བཤེར་དམ་དྲག་བྱེད་བཞིན་ཡོད་འདུག།
ཕྱི་ཟླ་ ༥ ཚེས་ ༢༥ ཉིན། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་ཁང་གི་དྲ་རྒྱའི་ཆ་འཕྲིན་ལས་ཁུངས་ ཀྱིས་ལྷོ་ནུབ་སློབ་གྲྭ་ཆེན་མོར་དྲ་རྒྱའི་ཐོག་ཐེར་འདོན་གོང་ཞུ་དང་དཀྲོག་གཏམ་དག་སེལ་ལས་དོན་སྐོར་ལ་ཆེད་མངགས་ཟབ་སྦྱོང་ཞིག་གཉེར་ཡོད་ཅིང་། ཟབ་སྦྱོང་དེའི་ནང་དྲ་རྒྱའི་བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་། དྲ་རྒྱའི་ཁོར་ཡུག་ལ་བཅོས་སྒྲིག དྲ་རྒྱའི་ཐོག་ཐེར་འདོན་གོང་ཞུ་དང་དཀྲོག་གཏམ་དག་སེལ་གྱི་དོན་དངོས་ལས་འགན་སོགས་ཀྱི་ནང་དོན་གཙོ་བོར་བཞག་ཡོད་འདུག་ལ། ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་ནི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་གི་དྲ་རྒྱ་ཆ་འཕྲིན་སྡེ་ཚན་དང་། གནད་འགག་ཡོད་པའི་གསར་འགྱུར་དྲ་ཚིགས། གསར་འགྱུར་བརྒྱུད་ལམ་གྱི་སྟེགས་བུ། དེ་བཞིན་དྲ་རྒྱའི་ཐོག་གི་ལྟ་རྟོག་པ་སོགས་ཁྱོན་མི་གྲངས་ ༥༠ ལྷག་ལ་ཟབ་སྦྱོང་སྤྲད་འདུག། འདི་ལྟར་བྱ་དོན་ནི་དྲ་རྒྱའི་ཁོར་ཡུག་མུ་མཐུད་གཙང་སེལ་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བར་དྲ་རྒྱའི་འགན་ལེན་བྱེད་ཆེད་ཡིན་ལུགས་རྒྱ་ནག་གཞུང་གིས་བརྗོད་འདུག

ཡང་ཚེས་ ༢༥ ཉིན་ལྷ་ས་གྲོང་ཁྱེར་ལྷན་ཁང་དང་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལྷན་ཁང་ནས་ཚོགས་འདུ་ཞིག་བསྐོང་སྟེ། དྲ་རྒྱའི་བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་དམག་ས་འདི་བརྟན་པོར་སྲུང་དགོས་པ་ནན་བརྗོད་བྱས་པ་མ་ཟད། ད་དུང་རྒྱ་ནག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ཟེར་བ་འདི་གཙོ་བཟུང་ཐོག་དྲ་རྒྱའི་དོ་དམ་དང་དྲ་རྒྱའི་ཐོག་གི་དྲིལ་བསྒྲགས་ལ་ཤུགས་གནོན་རྒྱག་དགོས་པ་དང་། དེ་བཞིན་ཁྲིམས་ལུགས་ལྟར་དྲ་རྒྱ་དོ་དམ་དགོས་པ་སོགས་བརྗོད་འདུག
བོད་ནང་གི་བོད་མིས་སྤྱི་ཚོགས་དྲ་ལམ་ཐོག་༧གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་དང་སྐུ་པར། བཙན་བྱོལ་བོད་མིའི་ཆོས་ཕྱོགས་ཀྱི་མཛད་སྒོ་དང་འབྲེལ་བའི་གནས་ཚུལ་སྐད་འཕྲིན་དང་ཁྱུག་དབྱིངས་སོགས་ཀྱི་ཐོག་བཞག་པ་ཡིན་ཚེ། དུས་ཡུན་རིང་པོ་མ་གོར་བར་བཀག་གི་འདུག་ཅེས་དང་། མཚམས་རེ་ཁ་བྱང་མཐོང་རྒྱུ་ཡོད་རུང་། ནང་དོན་ལ་ལྟ་དུས་ཁ་ཕྱེ་ཐུབ་ཀྱི་མི་འདུག་ཅེས་གསུང་མཁན་བྱུང་ལ། མིས་བཟོས་རིག་ནུས་ཀྱིས་བོད་ཡིག་ངོས་བཟུང་ནས་དྲ་ལམ་ཐོག་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་རྣོ་ངར་གྱི་གནས་ཚུལ་གཙང་སེལ་བྱེད་ཀྱི་ཡོད་མེད་ཁ་གསལ་ར་སྤྲོད་མ་བྱུང་།
གཞན་ཡང་ས་ག་ཟླ་བའི་རིང་བོད་ཀྱི་ས་ཁུལ་ཁག་གི་སྤྱི་བདེ་ལས་ཁུངས་ནས་ཀྱང་སྤྱི་ཚོགས་དྲ་རྒྱའི་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་དང་། གཞིས་ཀ་རྩེར་མཚོན་ན། སྤྱི་པའི་ WiFi མཁོ་འདོན་བྱེད་མཁན་གྱི་མགྲོན་ཁང་། ཟ་ཁང་། ཇ་ཁང་། སྨན་ཁང་། ཁང་གླ་གཏོང་མཁན། ཚོང་ཁང་ཆེ་གྲས་སོགས་ཀྱིས་དྲ་རྒྱར་འཛུལ་མཁན་གྱི་ཐོབ་ཐང་ལག་འཁྱེར་ཐོག་གི་དངོས་མིང་ཐོ་འགོད་བྱ་དགོས་པའི་ཐོག་བྱ་སྤྱོད་ལ་ཞིབ་བཤེར། དྲ་རྒྱའི་ཚིག་ཐོ་ཉར་ཚགས་དགོས་པ་དང་། འབྲེལ་ཡོད་གནས་ཚུལ་རྣམས་ཉུང་མཐར་ཟླ་བ་དྲུག་རིང་ཉར་ཚགས་བྱེད་དགོས་པ་མ་ཟད། ད་དུང་དྲ་རྒྱའི་མ་ལག་དེ་སྤྱི་བདེ་ལས་ཁུངས་ཀྱི་སྟེགས་བུར་སྦྲེལ་དགོས་སྐོར་གཞིས་རྩེའི་སྤྱི་བདེ་ཚན་པས་བརྗོད་འདུག།

བོད་ནང་ད་ལྟ་ལག་བསྟར་བྱེད་བཞིན་པའི་《དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི་བྱེད་མི་ཆོག་པ་ཉི་ཤུ།》ཞེས་པའི་ཁྲིམས་ཡིག་དེ་ནག་ཆུ་ཁུལ་གྱི་གཞུང་འབྲེལ་དྲ་ལམ་ཐོག་ཡང་བསྐྱར་གླེང་ཡོད་ཅིང་། ཁྲིམས་ཡིག་འདི་ནི་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་ཀྱིས་འགྲེམས་སྤེལ་བྱས་པ་ཞིག་ཡིན་ཞིང་། དྲ་རྒྱ་བེད་སྤྱོད་བཏང་ནས་མི་རིགས་དབར་འཁོན་འཛིན་བཟོ་བ་དང་ཁྲིམས་འགལ་གྱི་འདུ་འཛོམས་གོ་སྒྲིག་བྱས་པ། རྒྱལ་ཁབ་ཁ་བྲལ་གྱི་གནས་ཚུལ་སྤེལ་བ་སོགས་བྱེད་མི་ཆོག་པ་དང་། ཆོག་མཆན་མེད་པར་ རྒྱལ་སྤྱིའི་དྲ་ཚིགས་ལ་འབྲེལ་མཐུད་མི་ཆོག་བཀོད་ཡོད།
དེ་མིན་བོད་ནང་གི་བོད་མིས་ས་ག་ཟླ་བའི་རིང་ལྷ་སའི་བར་སྐོར་དང་རྩེ་སྐོར། གླིང་སྐོར་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལམ་ཐིག་འདིའི་ཐོག་དྲག་ཆས་སྤྲས་པའི་དམག་མི་དང་ཉེན་རྟོག་པ་མང་པོ་སྐོར་གཡེང་བྱེད་བཞིན་ཡོད་པའི་ཐོག་དྲག་ཆས་མ་སྤྲས་པའི་མི་སྣ་མང་པོ་བཀྲམ་ཡོད་པ་དང་། མཆོད་མཇལ་ཞུ་ཡུལ་དགོན་པ་ཆེ་ཁག་དང་ཞིབ་བཤེར་ས་ཚིགས་ཁ་ཤས། སློབ་གྲྭ་ཁ་ཤས། ཐ་ན་ལས་ཁུངས་ཁ་ཤས་ལ་ཡང་གདོང་དབྱིབས་ངོས་འཛིན་གྱི་པར་ཆས་བཙུགས་ཡོད་པ་བརྗོད་བྱུང་།
ས་ག་ཟླ་བ་ནི་བོད་མིའི་ཁྲོད་ཆོས་ཕྱོགས་ཀྱི་འདུ་འཛོམས་རྒྱ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། དེ་ནི་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཚོད་ཁྱད་པར་ཅན་གྱི་ཟླ་བར་ངོས་འཛིན་ཞུ་བཞིན་ཡོད་པས། དུས་ཡུན་དེའི་རིང་བོད་མི་མང་པོས་མཆོད་མཇལ་དང་གནས་སྐོར། ཆོས་ཕྱོགས་ཀྱི་འདུ་འཛོམས་སོགས་མང་པོའི་ནག་མཉམ་ཞུགས་བྱེད་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་ཆོས་ཕྱོགས་ཀྱི་འདུ་འཛོམས་ཐོག་༧གོང་ས་མཆོག་གི་ཤུགས་རྐྱེན་དང་བཙན་བྱོལ་བོད་མིའི་གནས་ཚུལ་ཁྱབ་སྤེལ་བྱེད་པ་སོགས་ཡོང་བའི་དོགས་གཞིའི་འོག་སྤྱི་ཚོགས་དང་དྲ་རྒྱའི་ཐོག་དམ་དྲག་ཆེ་རུ་བཏང་བར་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་འདུག
ཡང་ས་ག་ཟླ་བའི་རིང་བོད་ཀྱི་ས་ཁུལ་ཁག་ཅིག་ནང་དགོན་པ་དང་། བསང་གཏོང་ས། མཆོད་མེ་འབུལ་ས་སོགས་ཀྱི་བདེ་འཇགས་ཀྱི་ཞིབ་བཤེར་ཟེར་བ་བྱེད་བཞིན་ཡོད་པ་མ་ཟད། ད་དུང་དཀྲོག་གཏམ་ལ་ངོ་རྒོལ་ཟེར་བ་དང་ཡ་རབས་ངང་ནས་དྲ་རྒྱ་བེད་སྤྱོད་ཟེར་བ་སོགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ལ། སྐྱིད་གྲོང་རྫོང་ལ་མཚོན་ན། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོ་ཟེར་བའི་སྐབས་སུ་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་སྤེལ་ནས་དཀྲོག་གཏམ་མི་བཟོ་དང་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་ཟེར་བ་བཅས་ཀྱི་སྐོར་སྐྱིད་གྲོང་རྫོང་གི་སྤྱི་བདེ་ཚན་པས་ནན་བརྗོད་བྱས་འདུག
ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཆ་འཕྲིན་ལ་སྟངས་འཛིན་ནན་པོ་བྱེད་བཞིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་རང་དབང་ཁང་པས་བཏོན་པའི་སྙན་ཐོ་གསར་ཤོས་ནང་། བོད་འདི་མུ་མཐུད་དུ་རང་དབང་གི་ཚད་གཞི་དམའ་ཤོས་ཀྱི་ས་གནས་ཀྱི་མིང་གཞུང་ནང་བཅུག་ཡོད་ལ། རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་རིང་དེང་དུས་འཕྲུལ་ཆས་ཀྱི་ལྟ་ཞིབ་ནན་རུ་དང་ཆོས་ཕྱོགས་ཐད་དམ་དྲག་མུ་མཐུད་ཆེ་རུ་བཏང་བཞིན་པ་གསལ་སྟོན་བྱས་ཡོད།
རྒྱ་ནག་གཞུང་ཕྱོགས་ཀྱིས། བྱ་ཐབས་འདི་དག་ནི་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཁྲིམས་འགལ་ཉེས་གསོག་དང་དཀྲོག་གཏམ་ཁྱབ་སྤེལ་ལ་རྡུང་རྡེག་བཏང་གི་ཡོད་པ་མ་ཟད། སྤྱི་ཚོགས་བརྟན་ལྷིང་དང་མང་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་ཆེད་ཡིན་ལུགས་བརྗོད་ཀྱི་ཡོད་འདུག།
