ལོ་ངོ་ ༧༥ ཡི་གོང་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་བཞག་པའི་རྗེས་སུ་བོད་འདི་རིམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་བཅུག་ཡོད།
ལོ་ངོ་༧༥ ཡི་རྗེས་སུ་ཟླ་ ༥ ཚེས་ ༢༣ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པད་ནང་མང་ཚོགས་སྟོང་ཕྲག་མང་པོ་ཁྲོམ་གཞུང་ཐོག་སྐྱོད་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་ཚུལ་ཐོག་ནས་ཐའེ་ཝན་གྱི་མ་འོངས་པར་དོ་ཁུར་ཆེན་པོ་བྱས་ཡོད་འདུག
དེ་ཡང་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དོ་སྤྲོད་གནང་བར། ད་རིང་ལས་འགུལ་ནང་མི་བརྒྱད་སྟོང་ཙམ་ཞིག་མཉམ་ཞུགས་གནང་ཡོད་པ་དང་། གཏམ་བཤད་གནང་མཁན་སྐུ་མགྲོན་ཚོས་ཀྱང་བོད་དོན་ཐོག་ཧ་ལས་པ་གསུངས་གནང་ཡོད་པ་མ་ཟད། ད་དུང་ལོ་ངོ་༧༥ཡི་སྔོན་ལ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་དམར་ཤོག་གཞུང་གིས་བོད་གཞུང་ལ་བཙན་དབང་ཐོག་ནས་དོན་ཚན་བཅུ་བདུན་བཞག་ཡོད། ད་ཆ་བོད་འདི་བཞིན་དཀའ་ངལ་སྡུག་རྩུབ་ནང་ལྷུང་ཡོད་པས། ཐའེ་ཝན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། མི་མང་བཅས་པར་བོད་དོན་ལ་རྒྱབ་སྐྱོར་དགོས་པ་གལ་ཆེན་པོ་རེད་ལ། ད་རིང་གི་བོད་འདི་སང་ཉིན་ཐའེ་ཝན་ཆགས་མི་སྲིད་པ་མིན་པ་གླེང་ཡོད་པས། མི་མང་ཚོས་བོད་དོན་ཐོག་དོ་སྣང་ཆེན་པོ་གནང་གི་འདུག་ཅེས་གསུངས་བྱུང་།
ཡང་ལས་འགུལ་གནང་མཉམ་ཞུགས་གནང་མཁན་ཞིག་གིས་ ཐའེ་ཝན་རྒྱལ་སྲུང་གི་བདེ་འཇགས་ནི་ཨེ་ཤེ་ཁུལ་གྱི་དཔལ་འབྱོར་ཚོང་འབྲེལ་དང་དམག་དོན། ཆབ་སྲིད་ཀྱི་ཞི་བདེ་ལྷིང་འཇག་དང་འབྲེལ་བ་ཆགས་ཡོད་པས། ཐའེ་ཝན་ལ་རྒྱལ་སྲུང་གི་མཚོན་ཆ་ངེས་པར་དུ་དགོས་ཀྱི་ཡོད་པ་རོལ་ཌར་གསར་འགྱུར་ཁང་ལ་གསུངས་འདུག
ད་རེས་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་འདིའི་བརྗོད་གཞི་གཙོ་བོ་ནི་དོན་དངོས་ཀྱི་ཞི་བདེ་དང་རྒྱལ་སྲུང་དགོས་པ་ཞེས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དྲུག་ཅུ་ལྷག་ཙམ་མཉམ་ཞུགས་གནང་འདུག་ལ། རྒྱ་ནག་གི་འཇིགས་སྐུལ་དང་ཐའེ་ཝན་རྒྱལ་སྲུང་གི་འགྲོ་གྲོན། མང་ཚོགས་ཀྱི་སེམས་འཚབ་སོགས་ཕྱོགས་མང་པོའི་ཐོག་ཐའེ་ཝན་སྤྱི་ཚོགས་ནས་བོད་ནང་བཞིན་མི་ཡོང་བའི་འབད་བརྩོན་བྱེད་བཞིན་ཡོད་པ་མངོན་གྱི་འདུག
ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཞིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་འཁྱེར་ནས་བོད་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ་ང་ཚོའི་མ་འོངས་པར་འཆར་གཞི་འགོད་རྒྱུ་དང་། བོད་ཀྱི་མཇུག་འབྲས་དང་གནས་ཚུལ་འདི་འདྲ་མི་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་།
ཡང་མི་སྣ་གཞན་ཞིག་གིས་བོད་དང་རྒྱ་ནག་བར་ཞི་བདེའི་ཆིངས་ཡིག་ཟེར་བ་ཞིག་བཞག་ཡོད། ད་ལྟ་ཐའེ་ཝན་གྱི་གོ་མིང་ཏང་ཚོགས་པས་ཀྱང་ལམ་འདིའི་ཐོག་ཐའེ་ཝན་འདི་ལྟར་འཁྲིད་རྩིས་བྱེད་ཀྱི་ཡོད་པས། འདི་ནི་ང་ཚོས་སེམས་འཚབ་ཆེན་པོ་བྱེད་པའི་གནད་དོན་ཞིག་ཡིན་ཞེས་གསུང་གི་འདུག།
༡༩༥༡ ལོར་བོད་དང་རྒྱ་ནག་བར་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་བཞག་ནས། རྒྱ་ནག་གཞུང་གིས་ཞི་བའི་བཅིངས་འགྲོལ་ཟེར་བརྗོད་ཀྱི་ཡོད། ཡིན་ན་ཡང་བོད་མི་དང་བཙན་བྱོལ་སྤྱི་ཚོགས་ནས་ཆིངས་ཡིག་འདི་དྲག་པོའི་དམག་གི་འཇིགས་སྐུལ་འོག་བཞག་དགོས་བྱུང་པའི་ཆིངས་ཡིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཐའེ་ཝན་གྱི་དམངས་ཁྲོད་ཚོགས་པ་ཁག་གིས། བོད་ཀྱི་ལོ་རྒྱུས་ལ་བསླབ་བྱ་ལེན་ནས་ཐའེ་ཝན་སྤྱི་ཚོགས་ཡོངས་ཀྱིས་དོགས་ཟོན་བྱེད་དགོས་པར་ངོས་འཛིན་བྱས་ཡོད། ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་གྱི་སྦྱར་ཡིག་འབོད་ཚིག་ཐོག་ནས་དོ་སྣང་བྱུང་བར། བོད་དོན་སྐོར་ལས་འགུལ་སྤེལ་བ་འདི་ལོ་རྒྱུས་གནས་ཚུལ་ལ་དྲན་གསོ་བྱས་པ་ཙམ་མ་ཡིན་པར། ཐའེ་ཝན་གྱི་མ་འོངས་པར་དྲན་སྐུལ་བྱས་པ་ཞིག་ཆགས་འདུག
བརྙན་པར་སྒྲིག་སྦྱོར་བ། བཀྲ་དབང་།
