བལ་ཡུལ་མཆོད་འཇོར་ས་གནས་ཀྱི་འོས་བསྡུའི་གྱོད་དོན་ཐད་གྱོད་ཡ་ཞུ་སྦྱོར་བའི་ཁྲིམས་རྩོད་པས་སླར་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བཅར་ཏེ། ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་པའི་བར་བརྒལ་བཀོད་ཁྱབ་ཀྱི་ཞུ་སྙན་ཞིག་ཕུལ་འདུག
མཆོད་འཇོར་ས་གནས་ཀྱི་འོས་བསྡུའི་གྱོད་དོན་ཐད་གྱོད་ཡ་ཞུ་སྦྱོར་བའི་ཁྲིམས་རྩོད་པས། ཉེ་ལམ་མཆོད་འཇོར་ས་གནས་སུ་དངོས་སུ་བཅར་ཏེ་གནས་སྟངས་རྟོགས་ཞིབ་བྱེད་སྐབས་སྟོང་ཆ་མང་དག་ཅིག་མཐོང་ཡོད་པས། གལ་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་དམངས་གཏུག་བཤེར་གྱི་དོན་ཚན་བརྒྱད་བཅུ་དེ་ལག་བསྟར་གྱིས་བར་བརྒལ་བཀོད་ཁྱབ་བཏང་ཚེ། དེའི་བརྒྱུད་དངོས་ཡོད་གནས་ཚུལ་ལ་རྟོགས་ཞིབ་བྱེད་མཁན་གྱི་ཚོགས་ཆུང་ཞིག་བྱུང་ཐུབ་ན། དངོས་གཞིའི་འོས་བསྡུ་དང་འབྲེལ་བའི་གནད་དོན་མང་པོ་ཁ་གསལ་ཆགས་ཤིང་། མ་འོངས་བདམས་ཐོན་སྤྱི་འཐུས་རྣམས་ལ་མང་ཚོགས་ཀྱིས་ཁྲིམས་མཐུན་ངོས་ལེན་ཐུབ་པ་ཞིག་ཡོང་གི་རེད་ཅེས། ཟླ་ ༥ ཚེས་ ༢༩ ཉིན་ཁྲིམས་རྩོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བར་བརྒལ་བཀའ་འཁྲོལ་ཞུ་བར་བཅར་གྲུབ་མཚམས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་ཀྱིས། དངོས་གཞིའི་འོས་བསྡུའི་ལས་རིམ་ནང་དྲང་པོ་བྱུང་མིན་གྱི་གནད་དོན་དེ་གསལ་ཁ་མ་བྱུང་གི་བར་དུ་ལས་རིམ་ཚང་མ་མུ་མཐུད་འགྲོ་བ་ཡིན་ན། ད་ལྟའི་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་ཀྱི་མང་ཚོགས་ཁྲོད་ཁྲིམས་མཐུན་རང་བཞིན་ཞིག་གང་འདྲ་ཆགས་མིན་གྱི་གནད་དོན་ལྷག་གི་ཡོད་པས། བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་མང་ཚོགས་ཀྱིས་ཁྲིམས་མཐུན་ངོས་ལེན་ཡོང་ཐབས་སུ་ཁྲིམས་མཐུན་གྱི་ཆ་རྐྱེན་གང་ཡོད་པ་དེ་བེད་སྤྱོད་དགོས་གལ་ཆེན་པོར་སོང་། བར་བརྒལ་བཀའ་འཁྲོལ་ཞུས་པ་ཡིན་ཞེས་གསུང་གི་འདུག
དེ་ཡང་མཆོད་འཇོར་ས་གནས་ཀྱི་འོས་བསྡུའི་གྱོད་དོན་ཐད་གྱོད་ཡ་ཞུ་སྦྱོར་བའི་ཁྲིམས་རྩོད་པས་བར་བརྒལ་བཀོད་ཁྱབ་ཅེས། བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཀྱི་གསལ་བསྒྲགས་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་གནང་འཆར་ཡོད་པ་འདི་ཉིད་གནས་སྐབས་ཕྱིར་འགྱངས་དགོས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕྱི་ཚེས་ ༨ དང་ ༡༡ བཅས་ཐེངས་གཉིས་ཞུ་སྙན་ཕུལ་ཡོད་པ་དེར།ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངོས་བཞེས་གནང་མེད་པ་རེད་ལ། ལས་རིམ་ལྟར་ན། ཟླ་ ༥ ཚེས་ ༣༡ ཉིན་བར་བརྒལ་ཚོགས་གཙོས་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དང་དེ་ནས་བདམས་ཐོན་སྤྱི་འཐུས་རྣམས་ནས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་གནང་གཏན་འཁེལ་ཡོད་པ་རེད།
རྩ་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་ ༢༢ པ་འདི་ནི་བལ་ཡུལ་མཆོད་འཇོར་ཁྱབ་ཁོངས་དགོན་ཁག་དྲུག་དང་མི་མང་བརྒྱ་ཕྲག་ཁ་ཤས་ཀྱིས་ས་རྟགས་བཀོད་དེ་ཞུ་གཏུག་བྱས་པའི་གྱོད་གཞི་ཞིག་ཆགས་ཡོད་ཅིང་། དབུས་འོས་བསྡུ་ལས་ཁང་གིས་བལ་ཡུལ་མཆོད་འཇོར་མི་མང་གི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་སྐབས་སྒྲིག་མཐུན་བྱུང་མེད་པ་གཟིགས་ཡོད་སྐོར་གསལ་བཤད་གནང་སྟེ་དངོས་གཞིའི་འོས་བསྡུ་བཀག་སྐྱིལ་གནང་པའི་ཐད་ས་གནས་མི་མང་འཐུས་ཚབ་ཀྱིས་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དབུས་འོས་བསྡུ་ལས་ཁང་གི་ཁ་གཏད་དུ་ཁྲིམས་གཏུག་བྱས་པ་ཞིག་ཡིན་པ་རེད།
དེ་འབྲེལ་དབུས་འོས་བསྡུ་ལས་ཁང་གིས་བལ་ཡུལ་མཆོད་འཇོར་ས་གནས་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་པ་དེ་ནི། སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ས་གནས་སུ། མི་གཅིག་གི་ཡིག་གཟུགས་གཅིག་པ་ཡིན་པའི་འོས་མང་པོ་བླུགས་ཡོད་པ་ཤེས་རྟོགས་བྱུང་སྟེ། ཕྱིས་སུ་རྩད་གཅོད་བྱས་པའི་བརྒྱུད། གནས་ཚུལ་དེར་དང་ཐོག་ངོས་ལེན་མི་བྱས་པར་རིམ་བཞིན་མི་སྣ་ཁག་ཅིག་གིས་ངོས་ལེན་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཞེས་འགྲེལ་བརྗོད་གནང་བ་དང་སྦྲགས། ཕྱིས་སུ་ཞིབ་འཇུག་གྲུབ་རྗེས་འོས་འཕེན་རྒྱུའི་གོ་སྐབས་གནང་རོགས་ཞེས་ས་གནས་ནས་རེ་སྐུལ་ཞུས་པ་ལྟར། ཞིབ་འཇུག་འགོ་འཛུགས་ཀྱིས་འོས་བསྡུ་གནང་རྒྱུ་ཡིན་ཞེས་ཞུས་ཀྱང་། ས་གནས་ནས་འཕྱར་གྲུ་མཉམ་འདེགས་དང་། རྒྱབ་སྐྱོར་ཚད་ལྡན་ཐོབ་མེད་པ་སོགས་ཀྱིས་རྐྱེན་དང་། ས་གནས་འོས་བསྡུ་ལས་ཁང་ནས་ལན་འདེབས་འབྱོར་བ་གཞིར་བཞག་གིས། འོས་བསྡུ་གནང་རྒྱུ་མིན་པའི་ཐག་གཅོད་བྱུང་ཞེས་དང་། དེ་འབྲེལ་གནས་ཚུལ་ཞིབ་ཕྲ་ཕྱི་ཟླ ༥ ཚེས་ ༡༣ ཉིན་གསལ་བསྒྲགས་གནང་རྒྱུ་ཡིན་ཞེས་གསུངས་ཡོད་ཀྱང་། ཁ་མཆུ་འགྲོ་བཞིན་པར་བརྟེན་འདི་འབྲེལ་ཞིབ་ཕྲའི་གནས་ཚུལ་གསར་འགོད་ལྷན་ཚོགས་ཐོག་གསལ་བཤད་གནང་མེད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
