ཕྱི་ཟླ་ ༥ ཚེས་ ༡༣ ཉིན་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲཊ་བསྐྱང་ཐུབ་བམ།
བལ་ཡུལ་མཆོད་འཇོར་ས་གནས་ཀྱི་འོས་བསྡུ་དང་འབྲེལ་བའི་གྱོད་གཞི་ཞུ་སྦྱོར་བྱས་པ་དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངོས་བཞེས་གནང་ཡོད་པ་ཕྱི་ཚེས་ ༧ ཉིན་ཁྲིམས་རྩོད་པར་བཀའ་ལན་གནང་འདུག་པས། གྱོད་གཞི་འདི་ཁ་མཆུ་ཨང་ ༢༢ པ་ཆགས་འདུག དེས་ན་ད་ལྟ་དབུས་འོས་བསྡུ་ལས་ཁུངས་ཀྱིས་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་གནང་པ་འདི་དངོས་སུ་དེ་ཉིན་འཆར་གཞི་སྔོན་སྒྲིག་ལྟར་གསལ་བསྒྲགས་བསྐྱང་ཐུབ་རྒྱུ་ཡིན་མིན་དྲི་བ་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེར་བརྟེན་སྐབས་ ༡༨ པའི་སྤྱི་འཐུས་རྣམ་པ་གཏན་འཁེལ་གསལ་བསྒྲགས་གནང་རྒྱུར་དུས་འགྱངས་བྱུང་མིན་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམ་པའི་དམ་འབུལ་ཞུ་རྒྱུའི་དུས་ཚེས་གཏན་འཁེལ་ཡོང་རྒྱུར་ཚོད་དཔག་ཞུ་མི་ཐུབ་པར་གྱུར་ཡོད་པ་རེད།

འོན་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྲིད་སྐྱོང་གི་དམ་འབུལ་མཛད་རིམ་གསལ་བསྒྲགས་གཞིར་བཟུང་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་དྲུང་ནས་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་སྐབས་ ༡༧ པའི་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུ་རྒྱུའི་དུས་ཚེས་གཏན་འཁེལ་བྱུང་ཡོད་པ་རེད།
བལ་ཡུལ་ཆོས་འཇོར་ས་གནས་ཀྱི་འོས་བསྡུའི་གླེང་རྙོག་དང་འབྲེལ་བའི་གྱོད་དོན་ཞུ་གཏུག་བྱས་པའི་ཐད་ཞུ་སྦྱོར་བའི་ཁྲིམས་རྩོད་པ་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་གསུངས་དོན་ལྟར་ན། ཕྱི་ཟླ་ ༥ ཚེས་ ༨ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅར་ཏེ་གྱོད་དོན་འདི་དང་འབྲེལ་ཏེ་ཉན་ཞིབ་མ་གནང་གི་བར་དུ་དབུས་འོས་བསྡུ་ལས་ཁུངས་ནས་གསལ་བསྒྲགས་བསྐྱང་རྒྱུའི་ལས་རིམ་འདི་རེ་ཞིག་ངང་འཐེན་ཡོང་ཐབས་སུ་ཞུ་སྐུལ་བྱས་འདུག ད་ལྟའི་ཆར་གྱོད་གཞི་འདི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངོས་བཞེས་གནང་ཟིན་པར་བརྟེན། གྱོད་དོན་འདིའི་ཐད་གྱོད་ཡ་ཞུ་སྦྱོར་བ་དང་གྱོད་ཡ་རྩོད་ལེན་པ་སུ་ཞིག་གིས་གྱོད་གཞིའི་ནང་དོན་དང་རྩོད་གླེང་གི་གནས་ལུགས་དང་འབྲེལ་བའི་བསམ་ཚུལ་སོགས་གང་བྱུང་གཤོད་ཆོག་གི་མེད་པ་རེད་འདུག
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་ ༢༢ པ་འདི་ནི་བལ་ཡུལ་མཆོད་འཇོར་ཁྱབ་ཁོངས་དགོན་ཁག་ ༦ དང་མི་མང་བརྒྱ་ཕྲག་ཁ་ཤས་ཀྱིས་ཞུ་གཏུག་བྱས་པའི་གྱོད་གཞི་ཞིག་ཆགས་ཡོད་ཅིང་། དབུས་འོས་བསྡུ་ལས་ཁང་གིས་བལ་ཡུལ་མཆོད་འཇོར་མི་མང་གི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་སྐབས་སྒྲིག་མཐུན་བྱུང་མེད་པ་གཟིགས་ཡོད་སྐོར་བརྗོད་དེ་དངོས་གཞིའི་འོས་བསྡུ་བཀག་སྐྱིལ་གནང་པའི་ཐད་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དབུས་འོས་བསྡུ་ལས་ཁང་གི་ཁ་གཏད་དུ་ཁྲིམས་གཏུག་བྱས་པ་ཞིག་ཡིན་པ་རེད།
ཕྱི་ཟླ་ ༤ ཚེས་ ༢༣ ཉིན་དབུས་འོས་བསྡུ་ལས་ཁང་གིས་བལ་ཡུལ་མཆོད་འཇོར་ས་གནས་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་པ་དེ་ནི། དབུས་འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ས་གནས་སུ། མི་གཅིག་གི་ཡིག་གཟུགས་གཅིག་པ་ཡིན་པའི་འོས་མང་པོ་བླུགས་ཡོད་པ་ཤེས་རྟོགས་བྱུང་སྟེ། ཕྱིས་སུ་རྩད་གཅོད་བྱས་པའི་བརྒྱུད། གནས་ཚུལ་དེར་དང་ཐོག་ངོས་ལེན་མི་བྱས་པར་རིམ་བཞིན་མི་སྣ་ཁག་ཅིག་གིས་ངོས་ལེན་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཞེས་འགྲེལ་བརྗོད་གནང་བ་དང་སྦྲགས། ཕྱིས་སུ་ཞིབ་འཇུག་གྲུབ་རྗེས་འོས་འཕེན་རྒྱུའི་གོ་སྐབས་གནང་རོགས་ཞེས་ས་གནས་ནས་རེ་སྐུལ་ཞུས་པ་ལྟར། ཞིབ་འཇུག་འགོ་འཛུགས་ཀྱིས་འོས་བསྡུ་གནང་རྒྱུ་ཡིན་ཞེས་ཞུས་ཀྱང་། ས་གནས་ནས་འཕྱར་གྲུ་མཉམ་འདེགས་དང་། རྒྱབ་སྐྱོར་ཚད་ལྡན་ཐོབ་མེད་པ་སོགས་ཀྱིས་རྐྱེན་དང་། ས་གནས་འོས་བསྡུ་ལས་ཁང་ནས་ལན་འདེབ་འབྱོར་བ་གཞིར་བཞག་གིས། འོས་བསྡུ་གནང་རྒྱུ་མིན་པའི་ཐག་གཅོད་བྱུང་ཞེས་དང་། དེ་འབྲེལ་གནས་ཚུལ་ཞིབ་ཕྲ་ཟླ ༥ ཚེས་ ༡༣ ཉིན་གསལ་བསྒྲགས་གནང་རྒྱུ་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
