བལ་ཡུལ་མཆོད་འཇོར་འཐུས་མིས་དབུས་འོས་བསྡུ་ལས་ཁུངས་ཀྱི་ཁ་གཏད་དུ་ཁྲིམས་གཏུག་སྙན་ཞུ་ཕུལ་བ།

ཕྲུ་གུ་ངུ་ས་ཕ་མ་ཡིན་པར་བརྟེན་ཐེངས་འདིར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅར་བ་ཡིན་ཞེས་བལ་ཡུལ་མཆོད་འཇོར་སྐུ་ཚབ་ཀྱིས་གསུངས་པ།

བལ་ཡུལ་མཆོད་འཇོར་འཐུས་མིས་དབུས་འོས་བསྡུ་ལས་ཁུངས་ཀྱི་ཁ་གཏད་དུ་ཁྲིམས་གཏུག་སྙན་ཞུ་ཕུལ་འདུག

ཉེ་ལམ་དབུས་འོས་བསྡུ་ལས་ཁང་གིས་བལ་ཡུལ་མཆོད་འཇོར་ས་གནས་སུ་སྔོན་འགྲོའི་འོས་བསྡུའི་སྐབས་སྒྲིག་འགལ་བྱུང་བ་གསུངས་ཏེ་བལ་ཡུལ་མཆོད་འཇོར་མི་མང་གི་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་ཡོད་པ་ལྟར། ཕྱི་ཟླ་ ༥ ཚེས་ ༥ ཉིན། བལ་ཡུལ་མཆོད་འཇོར་མི་མང་བརྒྱ་ཕྲག་ཁ་ཤས་ཀྱི་སྐུ་ཚབ་བློ་བཟང་ཚེ་རིང་ལགས་རྡ་རམ་ས་ལར་ཆེད་བཅར་གྱིས། དབུས་འོས་བསྡུ་ལས་ཁང་གིས་བལ་ཡུལ་མཆོད་འཇོར་མི་མང་གི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་པ་དང་འབྲེལ་བའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དབུས་འོས་བསྡུ་ལས་ཁང་གི་ཁ་གཏད་དུ་ཁྲིམས་གཏུག་ཆེད་ཞུ་སྦྱོར་སྙན་ཞུ་ཕུལ་ཡོད་པ་རེད།

མཆོད་འཇོར་མི་མང་ལ་འོས་བསྡུའི་ཐོབ་ཐང་རགས་མེད་པའི་ཐད་ཁྲིམས་གཏུག་ཆེད་བཅར་པ། ༢༠༢༦།༥།༥
བལ་ཡུལ་མཆོད་འཇོར་མི་མང་གི་འཐུས་ཚབ་བློ་བཟང་ཚེ་རིང་ལགས། མཆོད་འཇོར་མི་མང་ལ་འོས་བསྡུའི་ཐོབ་ཐང་རགས་མེད་པའི་ཐད་ཁྲིམས་གཏུག་ཆེད་བཅར་པ། ༢༠༢༦།༥།༥ (RFA Tibetan)

མཆོད་འཇོར་ས་གནས་ཀྱི་སྐུ་ཚབ་བློ་བཟང་ཚེ་རིང་ལགས་ཀྱིས། བལ་ཡུལ་མཆོད་འཇོར་ས་གནས་མི་མང་ལ་མང་གཙོའི་ཐོབ་ཐང་གནང་མེད་པར་བརྟེན། ཕྲུ་གུ་ངུ་ས་ཕ་མ་ཡིན་པར་བརྟེན་ཐེངས་འདིར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅར་བ་ཡིན་ཞེས་དང་། ཞིབ་ཕྲ་ཡིག་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕུལ་ཡོད་ཅེས་གསུངས་པ་ལས་ཞུ་སྦྱོར་གྱི་ནང་དོན་སྐོར་བཀའ་ལན་དམིགས་བསལ་གནང་མ་བྱུང་།

བློ་བཟང་ཚེ་རིང་ལགས་དང་ལྷན་ཞུ་གཏུག་ཆེད་དུ་བཅར་བའི་ཁྲིམས་ལུགས་རིག་པ་བའི་ཁྲིམས་རྩོད་པ་ཁག་ཅིག་ཡོད་པའི་ཁོངས་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས། ད་རེས་མཆོད་འཇོར་ས་གནས་ཀྱི་སྐུ་ཚབ་བློ་བཟང་ལགས་ཀྱིས་མཆོད་འཇོར་ས་གནས་ཀྱི་དགོན་སྡེ་ཁག་དྲུག་དང་། ས་གནས་མི་མང་གསུམ་བརྒྱ་ལྷག་གི་རྒྱབ་གཉེར་བསྣམས་ཕེབས་ཡོད་པ་འགྲེལ་བརྗོད་གནང་བ་དང་སྦྲགས། ད་ལྟའི་ཆར་ཁྲིམས་ཐོག་ནས་ངོས་བཞེས་གནང་རྒྱུར་ངང་སྒུག་ཞུ་རྒྱུ་རེད་ཅེས་གསུངས་བྱུང་།

བལ་ཡུལ་མཆོད་འཇོར་གྱི་འོས་བསྡུའི་གནས་བབ་ཐད་གསར་འགོད་པར་བཀའ་མོལ་གནང་བཞིན་པ། ༢༠༢༦།༥།༥
དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་རྣམ་པས་གསར་འགོད་པར་བཀའ་མོལ་གནང་བཞིན་པ། བལ་ཡུལ་མཆོད་འཇོར་གྱི་འོས་བསྡུའི་གནས་བབ་ཐད་གསར་འགོད་པར་བཀའ་མོལ་གནང་བཞིན་པ། ༢༠༢༦།༥།༥ (RFA Tibetan)

དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། བལ་ཡུལ་མཆོད་འཇོར་ས་གནས་སུ་སྔོན་འགྲོའི་འོས་བསྡུའི་སྐབས་སྒྲིག་གཞི་དང་འགལ་འཛོལ་བྱུང་བར་བརྟེན། ཕྱི་ཟླ་ ༤ ཚེས་ ༢༣ ཉིན་བལ་ཡུལ་མཆོད་འཇོར་ས་གནས་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་ཡོད་ཀྱང་། ཕྱིས་སུ་བལ་ཡུལ་མཆོད་འཇོར་ས་གནས་སུ་ཀཐ་མན་ཌུ་ས་གནས་འོས་བསྡུའི་འགན་འཛིན་གྱི་ཐད་ཀར་སྟངས་འཛིན་འོག་དངོས་གཞིའི་འོས་བསྡུ་གནང་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། མཆོད་འཇོར་ས་གནས་འོས་བསྡུ་ལས་ཁང་དང་མི་མང་ངོས་ནས་མཐུན་འགྱུར་རྒྱབ་སྐྱོར་གནང་མེད་པ་དང་། ད་ལྟའི་ཆར་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ཏེ། ཟླ་ ༥ ཚེས་ ༡༣ ཚེས་ལ་ཉེ་བས་དུས་ཚོད་ཀྱང་ཞེ་དྲགས་ལྷག་མེད་པར་བརྟེན་འོས་བསྡུ་གནང་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

བློ་བཟང་ཡེ་ཤེས་ལགས་ཀྱིས། བལ་ཡུལ་མཆོད་འཇོར་ས་གནས་སུ་སྔོན་འགྲོའི་འོས་བསྡུའི་སྐབས་སྒྲིག་འགལ་བྱུང་བ་ནི་གཙོ་བོ་མི་གཅིག་གི་ཡིག་གཟུགས་གཅིག་པ་ཡིན་པའི་འོས་མང་པོ་བླུགས་ཡོད་པ་ཤེས་རྟོགས་བྱུང་སྟེ། ཕྱིས་སུ་རྩད་གཅོད་བྱས་པའི་བརྒྱུད། དེ་སྔ་ངོས་ལེན་མེད་པ་ཁག་ཅིག་གིས་ངོས་ལེན་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཞེས་འགྲེལ་བརྗོད་གནང་བ་དང་སྦྲགས། ཕྱིས་སུ་ཞིབ་འཇུག་གྲུབ་རྗེས་འོས་འཕེན་རྒྱུའི་གོ་སྐབས་གནང་རོགས་ཞེས་ས་གནས་ནས་རེ་སྐུལ་ཞུས་པ་ལྟར། ངག་ཐོག་ནས་ཞིབ་འཇུག་འགོ་འཛུགས་ཀྱིས་དེ་རྗེས་འོས་བསྡུ་གནང་རྒྱུ་ཡིན་ཞེས་ཞུས་ཀྱང་། ས་གནས་ནས་འཕྱར་གྲུ་མཉམ་འདེགས་དང་། རྒྱབ་སྐྱོར་ཚད་ལྡན་ཐོབ་མེད་པ་སོགས་ཀྱིས་རྐྱེན་པས། ས་གནས་འོས་བསྡུ་ལས་ཁང་ནས་ལན་འབྱོར་བ་ལྟར་འོས་བསྡུ་གནང་རྒྱུ་མིན་པའི་ཐག་གཅོད་བྱུང་ཞེས་གསུངས་བྱུང་།

དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། དབུས་འོས་བསྡུ་ལས་ཁང་ནས་ལག་བསྟར་གང་བྱས་པ་དེ་སྒྲིག་གཞི་གཞིར་བཞག་དང་། མང་ཚོགས་ལ་མཐུན་རྐྱེན་བསྐྲུན་རྒྱུའི་བསམ་བློ་གཙོ་བོར་འཛིན་པ་མ་གཏོགས་འོས་བསྡུ་འགན་འཛིན་གྱིས་མང་གཙོའི་ཐོབ་ཐང་འཕྲོག་པ་སོགས་རྩ་ནས་མིན་པས། ཞིབ་ཕྲའི་གནས་ཚུལ་གང་ཡིན་པ་དེ་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་གསལ་བཤད་ཡོངས་སུ་ཕྱི་གསལ་ནང་གསལ་གནང་རྒྱུ་ཡིན་པ་གསུང་གི་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།