སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་པར་གཞིགས་ན། དངོས་གཞིའི་འོས་བསྡུའི་སྐབས་སྔོན་འགྲོའི་འོས་འཕེན་པའི་གྲངས་འབོར་ལས་བརྒྱ་ཆ་ ༡༡ ཉུང་བ་བྱུང་འདུག
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བལ་ཡུལ་མཆོད་འབྱོར་གྱི་ཁྲིམས་རྩོད་པའི་བར་བརྒལ་བཀོད་ཁྱབ་ཅེས། བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཀྱི་གསལ་བསྒྲགས་ཕྱིར་འགྱངས་དགོས་པའི་སྙན་ཞུར་ཐེངས་གཉིས་ངོས་བཞེས་གནང་མེད་པར་བརྟེན། ཟླ་ ༥ ཚེས་ ༡༣ ཉིན་དབུས་འོས་བསྡུ་ལས་ཁང་གིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དང་འབྲེལ། བདམས་ཐོན་སྤྱི་འཐུས་གྲངས་ ༤༥ ཡི་མཚན་གཞུང་སྒྲོག་སྦྱང་གནང་སོང་།
ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་བྱེད་མཁན་ཁྱོན་མི་གྲངས་ ༩༡༠༧༣ བྱུང་ཡོད་པ་ལས། སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་དངོས་སུ་འོས་འཕེན་མཁན་མི་གྲངས་ ༥༡༡༤༠ ལས་བྱུང་མེད་ཀྱང་། དངོས་གཞིའི་འོས་བསྡུའི་ནང་འོས་འཕེན་པ་གྲངས་ ༤༡༦༣༨ བྱུང་ཡོད་པ་ནི། སྔོན་འགྲོའི་སྐབས་ཀྱི་འོས་འཕེན་པའི་གྲངས་འབོར་ལས་བརྒྱ་ཆ་ ༡༡ ཙམ་གྱི་ཉུང་བ་ཆགས་ཡོད་པ་རེད་འདུག
སྐབས་ ༡༨ བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས། ༢༠༢༦།༥།༡༣ #Election Result 2026: Utsang, Dotoe, Domey, Bon-Religion pic.twitter.com/JpJJR1lMVn
— RFATibetan (@rfatibet) May 13, 2026
ཐེངས་འདིར་དབུས་འོས་བསྡུ་ལས་ཁང་གིས་གསར་འགོད་གསལ་བསྒྲགས་གནང་སྐབས། དབུས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཐད་མང་ཚོགས་ནང་བསམ་ཚུལ་ཁག་ཅིག་བྱུང་བཞིན་པའི་ཐད་གསལ་བཤད་གནང་སོང་ཡང་། བལ་ཡུལ་མཆོད་འཇོར་དང་འབྲེལ་བའི་གནད་དོན་དེ་བཞིན་ད་ལྟའི་ཆར་ཁྲིམས་ཞིབ་ཁང་ལ་ཁ་མཆུ་གཏུག་ཡོད་པའི་རྐྱེན་གྱིས་དེ་འབྲེལ་བཀའ་ལན་གང་ཡང་གནང་མ་སོང་།
སྐབས་ ༡༨ བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས། ༢༠༢༦།༥།༡༣ #Election Result 2026: Nyingma, Kagyu, Sakya, and Gelug Chithue pic.twitter.com/qe3uYOvuOk
— RFATibetan (@rfatibet) May 13, 2026
འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་འཛམ་གླིང་གི་རྒྱལ་ཁབ་ཁག་ ༢༧ ནང་ས་གནས་འོས་བསྡུ་ལས་ཁང་ ༨༧ གྱི་འགན་འཁུར་འོག འོས་བསྡུ་བྱ་ཡུལ་ས་གནས་གྲངས་ ༣༠༩ ནང་དབུས་དང་ས་གནས་འོས་བསྡུའི་ཚོགས་མི་དང་། ཟུར་དཔང་། ལས་བྱེད་གྲངས་ ༡༧༣༧ གྱིས་ཕྱག་ལས་གནང་ཡོད་འདུག
སྐབས་ ༡༨ བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས། ༢༠༢༦།༥།༡༣ #Election Result 2026: Chithue (N/S America, Europe/Africa, & Australasia) pic.twitter.com/PY8uIEGSrB
— RFATibetan (@rfatibet) May 13, 2026
མཛད་རིམ་སྔོན་སྒྲིག་ལྟར་ན། ཟླ་ ༥ ཚེས་ ༣༡ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་རྣམ་པས་དམ་བཅའ་འབུལ་བཞེས་གནང་རྒྱུ་ཡིན་འདུག་ཅིང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་གཞིར་བཟུང་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་དྲུང་ནས་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་སྐབས་ ༡༧ པའི་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུ་རྒྱུ་ཡིན་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
