ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡ ཉིན་ནས་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་འཕགས་བོད་ས་མཚམས་ཀྱི་ཚོང་ལམ་རྙིང་པ་གསུམ་བསྐྱར་དུ་སྒོ་མོ་ཕྱེ་ཡོད། རྒྱ་དཀར་ནག་གི་འབྲེལ་བ་གླེང་སྐབས་གནད་འགག་ཅིག་ནི་ ༢༠༢༠ ལོར་ལ་དྭགས་གལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གི་དམག་མིའི་དབར་འཐབ་འཛིང་བྱུང་པའི་རྗེས། རྒྱ་གར་དང་རྒྱ་ནག་བར་གྱི་འབྲེལ་བའི་གནས་སྟངས་ལ་འགྱུར་བ་ཕྱིན་ཡོད། ཕྱོགས་གཉིས་ཀས་ས་མཚམས་སུ་དམག་དཔུང་ཕོན་ཆེན་བཀྲམ་པ་དང་། མཐའ་མཚམས་ཀྱི་ཚོང་ལས་དང་ཐད་འཕུར་གནམ་གྲུ། ཚོང་ལས་ཐོངས་མཆན་དང་མ་རྩ་མཉམ་འཇོག་སོགས་ལའང་ཚད་བཀག་མང་པོ་བཟོས་ཡོད།
རྒྱ་དཀར་ནག་གཉིས་ཀྱི་ལངས་ཕྱོགས།
རྒྱ་གར་གཞུང་གི་ལངས་ཕྱོགས།
ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༢ ཉིན་མ་ཎི་ལར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུ་བྷ་ར་མན་ཡམ་ ཇའི་ཤན་ཀར་S. Jaishankar གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ལ། ས་མཚམས་ཁུལ་གྱི་ཞི་བདེ་ནི་འབྲེལ་བ་རྒྱུན་ལྡན་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་ནན་བརྗོད་བྱས་ཤིང། ཁོང་གིས་ད་དུང་རྒྱ་གར་གྱི་ཐོན་རྫས་ལ་རྒྱ་ནག་གི་ཁྲོམ་རྭར་འདྲ་མཉམ་གྱི་གོ་སྐབས་དང་། ཚོང་ལས་དོ་མཉམ། མཁོ་འདོན་འབྲེལ་ཐག་ལ་སྔོན་དཔག་ཐུབ་པའི་བརྟན་ལྷིང་དགོས་པ་བརྗོད་ཡོད།
དེར་བརྟེན་རྒྱ་གར་ཕྱོགས་ཀྱིས་ཚོང་ལས་དང་མི་མང་འགྲོ་འོང་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་ཡོད་ཀྱང་། འབྲེལ་བ་ཡར་རྒྱས་ཀྱི་ཚད་གཞི་གཙོ་བོ་ནི་ས་མཚམས་སུ་ཞི་བདེར་གནས་ཐུབ་མིན་ལ་ལྟ་བཞིན་ཡོད་འདུག
རྒྱ་ནག་གི་ལངས་ཕྱོགས།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ཟླ་ ༧ ཚེས་ ༢༧ ཉིན་བརྗོད་པར། ཕྱི་འབྲེལ་བློན་ཆེན་གཞོན་པ་ཧྭ་ཁྲུན་ཡིང་དང་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཉིས་ཀྱིས་པེ་ཅིང་དུ་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་མོས་མཐུན་ལག་བསྟར་དང་། ཆབ་སྲིད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། མཉམ་ལས་རྒྱ་སྐྱེད། འགལ་ཟླ་དང་མི་མཐུན་པའི་གནད་དོན་འོས་འཚམ་ངང་དོ་དམ་བྱ་རྒྱུ་བཅས་ཀྱི་ཐོག་གྲོས་བསྡུར་བྱས་ཡོད་པ་འགྲེལ་བརྗོད་བྱས་ཡོད།
ཝང་ཡིས་ཀྱང་རྒྱ་གར་དང་རྒྱ་ནག་གཉིས་ནི་འགྲན་ཟླ་མ་ཡིན་པར་མཉམ་ལས་ཀྱི་རོགས་པ་དང་། ཕན་ཚུན་འཇིགས་སྣང་མ་ཡིན་པར་གོང་འཕེལ་གྱི་གོ་སྐབས་ཡོད་པར་ངོས་འཛིན་དགོས་པ་བརྗོད་ཡོད། རྒྱ་ནག་གིས་ས་མཚམས་རྩོད་གཞི་དེ་འབྲེལ་བ་ཡོངས་རྫོགས་ལ་སྟངས་འཛིན་མ་བྱས་པར། ཚོང་ལས་དང་། མཐོ་རིམ་འབྲེལ་མོལ། མི་མང་འགྲོ་འོང་དང་གསར་འགྱུར་བརྒྱུད་ལམ་གྱི་མཉམ་ལས་སོགས་མུ་མཐུད་སྤེལ་དགོས་པར་ནན་བརྗོད་བྱེད་ཀྱི་ཡོད།
རྒྱ་དཀར་ནག་གི་འབྲེལ་བ་རིམ་གྱིས་སླར་གསོ།
ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་གལ་ཝན་ལུང་གཤོངས་སུ་ཕྱོགས་གཉིས་ཀྱི་དམག་མི་ཕན་ཚུན་འཁྲུག་འཛིང་བྱུང་པའི་རྗེས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་ཕྱིན་ཏེ། མཐའ་མཚམས་ཀྱི་ཚོང་འབྲེལ་དང་། ཐད་འཕུར་གནམ་གྲུ མི་སྣའི་འགྲུལ་སྐྱོད། མ་རྩ་མཉམ་འཇོག་སོགས་མང་པོ་མཚམས་འཇོག་བྱས་ཡོད།
འོན་ཀྱང་ ༢༠༢༤ ལོར་སྲིད་བློན་ན་རེན་དྲ་མོ་དྷི་དང་ཞི་ཅིན་ཕིང་གི་མཇལ་འཕྲད་རྗེས། ཕྱོགས་གཉིས་ཀྱིས་མཐའ་མཚམས་ཀྱི་གྲོས་མོལ་བསྐྱར་གསོ་དང་། གཞུང་འབྲེལ་གྱི་འབྲེལ་ལམ། ཚོང་འབྲེལ། མི་སྣ་འགྲོ་འོང་སོགས་རིམ་གྱིས་སླར་གསོ་བྱེད་བཞིན་ཡོད།
ད་རེས་འཕགས་བོད་ས་མཚམས་གི་ཚོང་ལམ་གསུམ་བསྐྱར་དུ་སླར་གསོ་བྱུང་བ་འདི་ནི་ཡུལ་གཉིས་ཀྱི་འབྲེལ་བའི་ནང་གི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
འོན་ཀྱང་འབྲེལ་བ་དེ་ད་དུང་ཆ་ཚང་པོ་ཞིག་ཆགས་ཐུབ་མེད་པ་དང་། ས་མཚམས་ཀྱི་རྩོད་གཞི་དང་། དམག་དཔུང་གི་གནས་བབ། ཚོང་ལས་དོ་མཉམ། ཕན་ཚུན་ཡིད་ཆེས་བཅས་ནི་ད་དུང་ཐག་མ་ཆོད་པའི་གནད་དོན་གཙོ་བོ་ཆགས་ཡོད།
བོད་དང་ས་མཚམས་ཀྱི་ཚོང་ལམ་གསུམ།
ད་རེས་ཕྱི་ཟླ་ ༨ ཚེས་ ༡ ཉིན་བསྐྱར་དུ་སྒོ་མོ་ཕྱེ་བའི་འཕགས་བོད་ཀྱི་ཚོང་ལམ་རྣ་ཐོས་ལ་དང་། སྲིབ་སྐྱིད་ལ། ལི་པུ་ལེཁ་བཅས་ནི་རྒྱ་གར་དང་བོད་བར་གྱི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་ཚོང་ལམ་གསུམ་ཆགས་ཡོད།
དེའི་ནང་ནས་སྲིབ་སྐྱིད་ལའི་ཚོང་ལམ་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེའི་ཁུལ་གྱི་ས་མཚམས་ལ་ད་ལྟ་བར་འཁྲུག་འཛིང་བྱུང་མྱོང་མེད་ལ། འཕགས་བོད་དབར་གྱི་ཁུ་ནུ་དང་མངའ་རིས་སྤུ་ཧྲེང་གི་གནའ་ལམ་ཞིག་ཀྱང་ཆགས་ཡོད།
བོད་མི་མང་སྤྱི་འཐུས་དང་ཉམས་ཞིབ་པ་ཟླ་བ་ཚེ་རིང་ལགས་ཀྱིས། ལོ་རྒྱུས་ཐོག་བོད་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་དང་། དེ་བཞིན་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་སུ་བཞེངས་པའི་རྡོ་རིང་དང་ལྷ་ཁང་ད་ལྟ་ཡང་ཁུ་ནུར་མཇལ་རྒྱུ་ཡོད། ཡང་ལོ་རྒྱུས་ཐོག་ཚོང་གི་འབྲེལ་བ་ཡང་ཤུགས་ཆེན་པོ་ཡོད་པ་དཔེར་ན། རྒྱ་གར་དང་བོད་དབར་གྱི་ཚོང་གི་འབྲེལ་ལམ་ཞིག་ཁུ་ནུ་བརྒྱུད་ནས་ཡོད་ཅེས་གསུངས་བྱུང་།
ལོ་རྒྱུས་ཐོག་མཚོན་ན། ཁུ་ནུ་དང་བོད་ཀྱི་འབྲེལ་བ་འདི་ཆོས་སྲིད་གཉིས་ཐོག་ནས་ཡོད་པ་ཞིག་དང་། ལོ་ཆེན་རིན་ཆེན་བཟང་པོ་དེ་སྔ་ཁུ་ནུ་བརྒྱུད་དེ་ཁ་ཆེའི་ལུང་པར་ཕེབས་པའི་ལོ་རྒྱུས་ཡང་ཡོད་འདུག
ད་རེས་ཁུ་ནུའི་ཚོང་ལམ་འདི་ལོ་དགུའི་རྗེས་བསྐྱར་དུ་སྒོ་ཕྱེ་ཐུབ་པ་འདིར་ས་གནས་ཡུལ་མི་ཚོས་དོ་འཁུར་ཆེན་པོ་གནང་གི་ཡོད་པ་དང་། ད་རེས་ཁུ་ནུ་ནས་ཚོང་པ་ ༡༦ སྲིབ་སྐྱིད་ལར་སྐྱོད་པ་དང་ཆུ་ཚོད་ ༧༢ ལས་བསྡད་བཅུག་མི་འདུག
ཁུ་ནུར་ཡོད་པའི་ནང་ཆོས་ཀྱི་ལོ་ཙཱ་བ་རོ་ཤན་ལཱལ་ནེ་གི་ལགས་ཀྱིས། ད་རེས་ལོ་དགུའི་རྗེས་ཚོང་ལམ་སྒོ་ཕྱེ་བ་དང་། སྔོན་མ་ཡིན་ན་བོད་དང་ཁུ་ནུའི་ཚོང་གྱི་འབྲེལ་བ་ཟབ་པོ་ཡོད་པ་དང་། ཕར་ཚུར་འགྲོ་དུས་ལག་འཁྱེར་དང་ཡིག་ཆ་གང་ཡང་དགོས་ཀྱི་མེད། ད་རེས་དམིགས་བསལ་བསམ་བློ་གཏོང་རྒྱུར། བོད་ཀྱི་ཚོང་པ་ཚོ་ཚུར་རྒྱ་གར་ལ་གཏོང་གི་མི་འདུག རྒྱ་ནག་གཞུང་གིས་བོད་པ་རྒྱ་གར་དུ་སྐྱོད་རྒྱུར་ཆོག་མཆན་སྤྲོད་ཡོད་ས་མ་རེད་ཅེས་གསུངས་བྱུང་།
དེ་སྔ་ཚོང་ལམ་འདི་བརྒྱུད་བོད་ནས་རྟ་དང་ལུག བལ། ཚ། སྨན་རྫས་སོགས་དང་། རྒྱ་གར་ནས་འབྲས་དང་ཇ། རས་ཆ་སོགས་ཕན་ཚུན་ཚོང་འབྲེལ་བྱེད་ཀྱི་ཡོད་རུང། ད་ཆ་འགྱུར་བ་ཕྱིན་ཡོད་འདུག་ལ། ཚོང་གི་ཅ་ལག་ཉི་ཤུ་ཙམ་མ་གཏོགས་འཁྱེར་ཆོག་གི་མེད་པ་རེད་འདུག།
ཁུ་ནུར་ཡོད་པའི་ནང་ཆོས་ཀྱི་ལོ་ཙཱ་བ་རོ་ཤན་ལཱལ་ནེ་གི་ལགས་ཀྱིས། ད་ལོ་ཚུར་འཁྱེར་བའི་ནང་དུ་རྒྱ་ནག་གིས་བཟོས་པའི་སྟོད་གོས་དང་ལྷམ། དཀར་གཡོལ། ཉལ་ཆས་རིགས་དང་། ཕར་བུ་རམ་དང་རས་ཆ། ཁ་ཟས་སོགས་མང་པོ་འཁྱེར་སོང་ཞེས་གསུངས་བྱུང་།
འོན་ཀྱང་ད་རེས་བསྐྱར་གསོ་བྱས་པ་ནི་གཉིས་ཕྱོགས་ཀྱི་གྲོས་མཐུན་འོག་གི་ཚད་གཞི་དམའ་བའི་ས་མཚམས་གྱི་ཚོང་འབྲེལ་ཙམ་ཡིན་པ་ལས། དེང་དུས་ཀྱི་ཚད་ལྡན་ཚོང་འབྲེལ་གྱི་འགག་སྒོ་དང་གཞི་རྒྱ་ཆེ་བའི་ས་ཐོག་དབོར་འདྲེན་ལམ་ཁ་ཆགས་མེད་པས། དེས་རྒྱ་དཀར་ནག་གི་སྤྱི་ཡོངས་ཚོང་ལས་ལ་ཐད་ཀར་ཁེ་ཕན་ཆེན་པོ་སྐྲུན་ཐུབ་ཀྱི་མེད།
སྲིབ་སྐྱིད་ལ་ནི་ཁུ་ནུ་དང་མངའ་རིས་སྤུ་ཧྲེང་གི་གནའ་བོའི་ཚོང་ལམ་ཞིག་ཡིན་ཞིང་། ལི་པུ་ལེཁ་ནི་མངའ་རིས་དང་ས་མཚམས་ཀྱི་ཚོང་ལམ་གཅིག་པུ་མིན་པར། རྒྱ་གར་གྱི་གནས་མཇལ་བ་རྣམས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་དུ་སྐྱོད་སའི་ལམ་ཁ་གལ་ཆེན་ཞིག་ཀྱང་ཆགས་ཡོད།
བོད་མི་མང་སྤྱི་འཐུས་དང་ཉམས་ཞིབ་པ་ཟླ་བ་ཚེ་རིང་ལགས་ཀྱིས། ཚོང་འབྲེལ་ཞིག་བྱས་པ་ཡིན་ན། ངའི་བསམ་པར་ཚོང་གི་ཐོག་ནུས་པ་ག་ཚོད་ཐོན་གྱི་ཡོད་མིན་ལ་མ་བལྟོས་པར་གཙོ་ཆེ་ཤོས་འདི་ལོ་རྒྱུས་ཐོག་ས་གནས་གཉིས་ལོ་ངོ་སྟོང་ཕྲག་རིང་ཡོད་པའི་འབྲེལ་བ་འདི་མུ་མཐུད་གནས་པ་དང་། ཕན་ཚུན་དྲན་གསོ་བྱེད་པ། ལྷག་པར་དུ་ཁུ་ནུ་འདི་ས་མཚམས་ཡིན་དུས། གལ་སྲིད་འབྲེལ་བ་རྩ་བ་ནས་མེད་ན། ཁོང་ཚོར་ལྟོ་གོས་ལ་དཀའ་ངལ་འཕྲད་དེ་མང་ཚོ་ཞིག་རྒྱ་གར་གཏིང་ལ་ཕྱིན་ནས་ས་གནས་སྟོང་པ་ཆགས་འགྲོ་རྒྱུ་དང་། ཡང་ཚོང་འབྲེལ་ཡོད་པ་དང་ལྟོ་གོས་ཐོག་ལམ་ཁ་ཞི་བཟོ་ཐུབ་ན། ས་གནས་སུ་བོད་ཀྱི་ཆོས་དང་རིག་གཞུང་གཙོ་བོ་བྱས་པའི་ལུང་པ་དེ་ཚོ་མུ་མཐུད་གནས་རྒྱུར་ཕན་ཐོགས་ཡོང་རྒྱུ་རེད་ཅེས་གསུངས་བྱུང་།
འོན་ཀྱང་འཕགས་བོད་ཀྱི་ཚོང་ལམ་སྒོ་མོ་ཕྱེ་ཐུབ་པ་འདིས་ས་མཚམས་ཀྱི་ཛ་དྲག་གནས་སྟངས་ཞི་འཇམ་དུ་འགྲོ་རྒྱུ་དང་། རྒྱ་དཀར་ནག་གི་འབྲེལ་བ་རིམ་པ་བཞིན་སླར་གསོ་བྱེད་ཀྱི་ཡོད་པའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས། དཔལ་འབྱོར་གྱི་རིན་ཐང་ལས་ཆབ་སྲིད་དང་ས་ཁམས་ཀྱི་མཚོན་དོན་ཆེ་བ་ཆགས་ཡོད།
གཞན་ཡང་རྒྱ་གར་གྱི་ཚོང་པ་ཚོས་ད་ལྟའི་ཚོང་ཟོག་ཐོ་གཞུང་རྙིང་པ་དེས་དེང་དུས་ཀྱི་ཁྲོམ་རྭའི་དགོས་མཁོ་དང་མཐུན་གྱི་མེད་པར་བརྟེན། དེང་དུས་ཀྱི་བཟོ་གྲྭའི་ཐོན་རྫས་སོགས་ཚོང་ཟོག་གི་ཐོ་གཞུང་ནང་ཁ་སྣོན་བྱ་དགོས་པའི་རེ་འདུན་བཏོན་བཞིན་ཡོད་འདུག
