ཆོས་ལུགས་ཕན་ཚུན་བར་ཐུགས་མཐུན་དགོས་རྒྱུ་གལ་ཆེ།


2015.06.20
Share on WhatsApp
Share on WhatsApp
 ཆོས་ལུགས་ཕན་ཚུན་བར་ཐུགས་མཐུན་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཚོགས་ཆེན་ཐེངས་༡༢པའི་ཐོག་བཀའ་སློབ་སྩོལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

༄༅༎འདས་པའི་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་ལྷན་ཚོགས་གནང་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་ཀྱི་ཚོགས་ཆེན་ཐེངས་བཅིུས་པ་དེ་དེ་རིང་མཇུག་བསྒྲིལ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་ཆེན་ཐོག་ཆིབས་བསྒྱུར་གྱིས་ཆོས་ལུགས་ནང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་ནང་ཕན་ཚུན་ཐུགས་མཐུན་གྱི་རྣམ་པ་ནི་དེ་སྔ་བོད་དུ་ཡོད་སྐབས་ལས་བཙན་བྱོལ་དུ་འབྱོར་བའི་རྗེས་ཡར་རྒྱས་ཆེ་བ་ཕྱིན་ཡོད་པ་ནི་བསྔགས་བརྗོད་ཞུ་བའི་རང་བཞིན་ཞིག་ཡིན་པ་བཀའ་གནང་ཞིང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ཀྱི་ཆོས་ལུགས་ཁག་ནི་སྐྱེ་འགྲོ་སྤྱི་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་སྟབས།  ཆོས་ལུགས་དང་མ་འབྲེལ་ཞིང་ཚན་རིག་དང་མཐུན་པའི་ཐོག་ནས་བསྟན་དོན་ཉམས་ལེན་དུ་འཁེལ་ཐབས་ཤིག་གནང་དགོས་པའི་བསྐུལ་མ་ཡང་མཛད་འདུག།
འདས་པའི་ཉིན་གྲངས་གཉིས་རིང་བླ་ཆེན་ཁག་གིས་ཐུགས་ཚབ་ཡོད་པའི་དགོངས་ཚུལ་གསུངས་པ་བཞིན་དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་། དེང་སྐབས་གྲ་རྫུན་དང་བླ་རྫུན་མང་པོས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་ཏེ་བོད་བརྒྱུད་ནང་བསྟན་ལ་མཚན་བཞད་བཟོ་བཞིན་ཡོད་པ་དེ་དག་ཐད་ཐུགས་སྣང་ཆེན་པོ་གནང་དགོས་པ་བཀའ་གནང་ཡོད་པ་རེད།
ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པའི་ཚོགས་ཆེན་འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིགས་ལས་ཁུངས་ནས་གོ་སྒྲིག་གནང་པ་ཞིག་ཡིན་ཞིང་། ཚོགས་ཆེན་འདིའི་ཐོག་གཡུང་དྲུང་བོན་གྱི་དབུ་ཁྲིད་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། རྒྱལ་དབང་ཀརྨ་པ་རིན་པོ་ཆེ། སསྐྱ་གོང་མ་བདག་ཁྲི་རིན་པོ་ཆེ། ཀ་ཐོ་དགེ་རྩེ་རིན་པོ་ཆེ་སོགས་ཆེད་ཕེབས་གནང་ཡོད་པ་རེད།  
དེ་རིང་གི་ཚོགས་འདུའི་མཇུག་སྡོམ་ཀྱི་གནས་ཚུལ་རྒྱས་པ་རྡ་རམ་ས་ལ་ནས་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་གནང་པ་དེ་གསན་རོགས་གནང་།།



གསར་འགོད་པ་བསྟན་འཛིན་དབང་རྒྱལ།



བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་དོན་རྒྱལ་རྗེས་འབྲངས་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་སྤྱི་མོས་གྱི་བསྒྲགས་ཤིག་སྤེལ་ཡོད་པ།

༄༅༎བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བསྟན་བདག་བླ་ཆེན་རྣམ་པའི་ཚོགས་ཆེན་གྱི་ཐོག་ནས་དོལ་རྒྱལ་རྗེས་འབྲངས་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མངོན་གསུམ་འཛེམ་མེད་ཀྱིས་མཚན་སྨད་ངོ་རྒོལ་ཞུས་དང་ཞུ་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་སྤྱི་མོས་ཀྱི་བསྒྲགས་གཏམ་ཞིག་སྤེལ་གནང་འདུག།
བསྒྲགས་གཏམ་དེའི་ནང་། མགོན་པོ་གང་ཉིད་ནས་རྒྱལ་བསྟན་སྤྱི་དང་། ཡང་སྒོས་བོད་ཀྱི་བསྟན་པ་ཆབ་སྲིད། དེ་བཞིན་རྗེས་འཇུག་གདུལ་བྱ་རྣམས་ཀྱི་འདི་ཕྱིའི་གཏན་དོན་ཁོ་ནར་ཐུགས་དགོངས་ཆེ་བཞེས་ཀྱིས་དངོས་ཡོད་བདེན་པའི་ལམ་ནས་དམ་སྲི་དོལ་རྒྱལ་བསྟེན་གསོལ་གྱི་སྤང་བླང་ལམ་སྟོན་གསལ་བར་མཛད་པར་བཀའ་དྲིན་རྗེས་སུ་དྲན་ཞིང་ཡི་རངས་མངོན་བསྟོད་ཞུ་རྒྱུ་ཡིན་ཞེས་དང་།  ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང་ཚོགས་ཞུགས་པ་ཡོངས་ནས་ཞལ་ཞེ་གཉིས་མེད་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དོལ་རྒྱལ་དང་འབྲེལ་བའི་བླང་དོར་གྱི་ལམ་སྟོན་ཁག་ལ་བརྩི་སྲུང་དྭང་ལེན་ཚུལ་བཞིན་ཞུ་རྒྱུའི་ཞལ་བཞེས་དམ་བཅའ་ཡང་གནང་འདུག།
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བླ་ཆེན་སོ་སོའི་ཐོག་ནས་དོལ་རྒྱལ་ཐད་བཀའ་མོལ་གནང་པ་དང་། དགོངས་ཚུལ་གསུངས་པ་དེ་སྔོན་བྱུང་ཡོད་ཀྱང་། དབུ་ཁྲིད་ཡོངས་རྫོགས་དབུ་ཞུགས་ཐོག་དོལ་རྒྱལ་རྗེས་འབྲངས་པ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་རྒོལ་མཚན་སྨད་ཞུ་བའི་བྱ་སྤྱོད་ལ་མགྲིན་གཅིག་གིས་ངོ་རྒོལ་དང་ཁས་ལེན་མེད་པའི་སྤྱིར་བསྒྲགས་སྤེལ་བ་ད་བར་བྱུང་མྱོང་མེད་པ་ཞིག་ཡིན་པ་རེད།།


གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་ནན་བརྗོད་གནང་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎