བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུའི་གྲུབ་དོན་ཐག་གཅོད་ཇི་བྱུང་ཕྱི་བསྒྲགས་བྱས་མི་འདུག

2021-09-29
Share
བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུའི་གྲུབ་དོན་ཐག་གཅོད་ཇི་བྱུང་ཕྱི་བསྒྲགས་བྱས་མི་འདུག བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུའི་སྐབས། ༩།༢༩།༢༡
RFA/Dhasa

སྐབས་༡༧་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་བར་ཉིན་གཉིས་ལྷག་གི་རིང་ནང་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ། ཉིན་དང་པོར་ད་ལྟའི་དཀའ་རྙོག་དང་འབྲེལ་བའི་ཐོག་ལ་གྲོས་བསྡུར་དང་ཐབས་ལམ་ཇི་ཡོད་སྤུང་སྟེ་གྲོས་བསྡུར་གནང་ཞིང་། ཉིན་གཉིས་པར། ཐབས་ལམ་ཁག་ཕྱོགས་བསྡུས་ཀྱི་གྲོས་ཆོད་འཇོག་རྒྱུའི་རེ་བ་བྱས་ཡོད་ཀྱང་། མཐའ་དོན་ད་ལྟའི་དཀའ་རྙོག་འདི་སེལ་རྒྱུར་ཐག་གཅོད་བྱུང་མེད་པར་མུ་མཐུད་གནས་ཡོད་འདུག
འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བདམས་ཐོན་སྤྱི་འཐུས་རྣམ་པས་ད་ལྟའི་དཀའ་རྙོག་དེ་སེལ་སླད་ཐབས་ལམ་མི་འདྲ་བ་ཁག་འགའ་ཤས་ཐོག་བགྲོ་གླེང་གནང་ཡོད་འདུག་པ་དཔེར་ན། བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་ཞུ་མཁན་དང་༧གོང་ས་མཆོག་གི་སྐུ་པར་མདུན་དུ་དམ་འབུལ་ཞུ་མཁན་གཉིས་ཀར་ངོས་ལེན་དགོས་པའི་ཐད་བགྲོ་གླེང་གནང་འདུག་ཀྱང་ནང་ཁུལ་མོས་མཐུན་བྱུང་ཐུབ་མེད་པ་རེད་འདུག དེ་བཞིན་བདམས་ཐོན་སྤྱི་འཐུས་ཚང་མས་བཅའ་ཁྲིམས་དོན་ཚན་༤༧་དགོངས་དོན་དམ་འབུལ་ཞུ་དགོས་པའི་བསམ་འཆར་ལ་ཡང་དགོས་ངེས་རྒྱབ་སྐྱོར་བྱུང་མིན་འདུག་ལ། ཅི་སྟེ་གོང་གི་གནད་དོན་དེ་གཉིས་ཀའི་ཐད་མོས་མཐུན་འབྱུང་མ་ཐུབ་ཚེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་ཆེད་སྙན་སེང་སྒྲོན་རྒྱུ་ཡིན་པ་འདིའི་ཐད་མོས་མཐུན་བྱུང་ཡོད་ཚོད་འདུག གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གནད་དོན་གང་ཞིག་གི་ཐོག་གཏན་འབེབས་ཡོང་རྒྱུར་ངོ་ཡོད་བདམས་ཐོན་སྤྱི་འཐུས་༤༤་ནས་གསུམ་ཆ་གཉིས་ཀྱི་མོས་མཐུན་དགོས་ཀྱི་ཡོད་འདུག
ཕྱི་ཚེས་༢༩་ཉིན་ཚོགས་འདུ་གཙོ་སྐྱོང་བ་བདམས་ཐོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སུ། ཚོགས་འདུའི་ནང་དོན་དང་ཐག་གཅོད་ཇི་བྱུང་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་སྐབས། ཁོང་གིས་ད་ལྟའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་ལ་གང་ཡང་གསུང་རྒྱུ་མིན་པའི་ཐག་གཅོད་བྱུང་བ་དང་། གལ་ཏེ། བརྒྱུད་ལམ་ཁག་ལ་གསལ་བསྒྲགས་བྱེད་དགོས་པའི་གནས་སྟངས་ཆགས་ཚེ་རྗེས་སུ་འབྲེལ་བ་གནང་རྒྱུ་ཡིན་པ་གསུངས་པ་ལས། ཞིབ་ཕྲའི་གནས་ཚུལ་འོས་འཕེན་པ་རྒྱ་ཆེའི་མང་ཚོགས་ལ་ད་བར་གསལ་བཤད་གང་ཡང་གནང་མེད་པ་རེད།

གསར་འགོད་པ། ཨྱོན་བསྟན་འཛིན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།