གྲོས་ཚོགས་ནང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་སོང་།

2023.03.22
གྲོས་ཚོགས་ནང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་སོང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥པའི་སྐབས། ༠༣།༢༢།༢༠༢༣
Tibettv

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་མའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྐོ་བཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གནང་མ་ཐུབ་པར་བརྟེན། ཁྲིམས་ཞིབ་པ་ཆེ་བ་ད་དུང་ཡང་བསྐོ་བཞག་མ་ཐུབ་པར་ལུས་ཡོད་ནའང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥པ་སྤྱི་ཚེས་༢༢ཉིན་གྱི་གྲོས་ཚོགས་ལས་རིམ་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བསྐོ་བཞག་ཆ་རྐྱེན་དང་འབྲེལ་བ། གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་༡༩སྙན་སྒྲོན་གྱིས། ཁྲིམས་ཞིབ་པ་རྣམ་པའི་ཆ་རྐྱེན་གྲོས་ཚོགས་འདིར་གཏན་འབེབས་བྱ་ཐུབ་པ་ཡིན་ན། སྤྱི་ཟླ་༩པའི་ནང་ཁྲིམས་ཞིབ་པ་ཚོ་སླེབས་ཐུབ་པའི་རེ་བ་ཡོད་སྐོར་གསལ་བཤད་གནང་སོང་།
སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་༡༩པ་དེ་གྲོས་ཚོགས་སུ་སྙན་སྒྲོན་གནང་བའི་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦༣པའི་ནང་གསེས་༢པའི་ཚིག་བརྗོད་རྙིང་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ནི་རང་ལོ་༥༠ཧྲིལ་བོ་ལོན་པ་ཡན་ཁ་དང་། ག་དེ་ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་ཁུར་བྱས་མྱོང་བའམ། ཡང་ན་ཉུར་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མིན། འོན་ཀྱང་། བཅའ་ཁྲིམས་འདི་ཉིད་ལག་བསྟར་འགོ་འཛུགས་བྱས་པ་ནས་བཟུང་། ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་བཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཞེས་པའི་བསྐྱར་བཅོས་ཚིག་བརྗོད་ནི། འགོ་བརྗོད་རང་འཇགས་དང་དེའི་འོག་གི་ཚིག་བརྗོད་རང་འཇགས། ཁ་པ་དེ་རང་ལོ་༤༥ཧྲིལ་བོ་ལོན་པ་ཡན། ག་པ་རྒྱལ་ཁབ་གཞན་གྱི་ཁྲིམས་ཁང་ཞིག་ཏུ་ལོ་ལྔའི་རིང་ཁྲིམས་དཔོན་གྱི་ལས་ཁུར་བྱས་མྱོང་བའམ། ཡང་ན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་འོག་མ་ཞིག་ཏུ་ཁྲིམས་ཞིབ་པའི་ལས་ཁུར་ལོ་བཅུའི་རིང་བྱས་མྱོང་བའམ། རྒྱལ་ཁབ་གཞན་གྱི་ཁྲིམས་ཁང་དུ་ཉུང་མཐར་ལོ་བཅོ་ལྔའི་རིང་ཁྲིམས་རྩོད་པའི་ལས་ཀ་བྱས་མྱོང་བའམ། ཁྲིམས་ལུགས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་ཡོད་ཁར། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལས་ཁུར་ལོ་ངོ་ཉི་ཤུའི་རིང་བླངས་མྱོང་བའམ། ལས་བྱེད་པ་དྲུང་འཕར་ཡན་དང་མཛད་གཙོ་ལས་ཟུར་གྱི་ཁོངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ནང་ལས་ཁུར་ལོ་ངོ་ཉེར་ལྔ་ལྷག་རིང་བླངས་མྱོང་ཡོད་པ་ཞིག་དགོས་པ་ཡིན། ཞེས་བསྐྱར་བཅོས་ཚིག་བརྗོད་དུ་འཁོད་ཡོད་པའི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་དེར། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་རྒྱབ་སྐྱོར་གནང་ཡོད་ནའང་། བསྐྱར་བཅོས་སུ་ཚུད་པར་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ནས། ཡིག་ཆ་ཨང་༣༩དེ་ཁྲིམས་མཐུན་གྱིས་གཙང་མ་མ་ཆགས་བར་དུ། ཁྲིམས་དཔོན་རྣམ་པ་དང་འབྲེལ་བའི་ཁྲིམས་སྒྲིག་གི་བསྐྱར་བཅོས་ག་རེ་འཁུར་ཡོང་ན་དགག་བྱ་གནང་གི་ཡོད་སྐོར་གསུང་སོང་།
ཡིན་ནའང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། ཁྲིམས་བཟོའི་ལེའུ་བཅུ་བཞི་པ། དོན་ཚན་༥༩པའི་ཁྲིམས་ཡིག་འཆར་ཟིན་བཀག་འགོག་གི་དོན་ཚན་དང་པོ་དང་འབྲེལ་ཏེ། བགྲོ་གླེང་མི་དགོས་པར་འོས་བསྡུའི་ལམ་ནས་ཁྲིམས་འཆར་དུ་ཚུད་པར་ཐག་གཅོད་གནང་སྐབས། དགག་བྱ་གནང་མཁན་༡༡དང་རྒྱབ་སྐྱོར་གནང་མཁན་༢༢བྱུང་སྟེ། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དུ་ཚུད་པར་བརྟེན། བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས། བོད་མིའི་སྒྲིག་འཛུགས་ནང་ལས་ཁུར་ལོ་ངོ་ཉེར་ལྔ་ལྷག་རིང་ཟེར་བ་དེའི་ཐད་དོགས་འདྲི་གནང་ཡོད་པ་རེད། དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ལྷག་ཟེར་བའི་ཚིག་དེ་མི་དགོས་པ་བྱས་ནའང་འགྲིག་ས་རེད་སྙམ་པ་དང་། སྤྱི་འཐུས་ཤིག་དཔེར་ན། དགུང་ལོ་༢༥ལ་སྤྱི་འཐུས་བྱས་ཏེ། ལོ་༢༥ཡང་བསྐྱར་བསྣན་ཏེ་ཁྲིམས་དཔོན་ཆགས་པའི་གནས་སྟངས་དེའི་སྔོན་ཚུད་དུ། གཞུང་ཞབས་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་ཕྱག་ལས་གནང་ཡོད་ན་དེ་ཡང་བརྩི་དགོས་པ་རེད་ཅེས་ལན་འདེབས་གནང་ཡོད་པ་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས། སྤྱི་ལོ་༢༠༢༡ལོ་ནས་རྒས་ཡོལ་དུ་ཕེབས་པ་དང་འབྲེལ། བཅའ་ཁྲིམས་ཀྱི་དགོངས་དོན་ཁྲིམས་ཞིབ་པ་ཆེ་བ་གསར་པ་ཁྲིམས་ལུགས་ལྟར་འོས་ཐོན་དམ་འབུལ་མ་བྱུང་བར། དེའི་འགན་དབང་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་ནས་ཞབས་ལོ་རྒན་རིམ་དེས་ལེན་རྒྱུ་ཞེས་གསལ་བ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་ཁྲིམས་ཞིབ་པ་ཆེ་བ་གསར་པའི་ཁྲིམས་མཐུན་དམ་འབུལ་མ་ཟིན་བར་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཏུ་བསྐོ་གཞག་གནང་ཡོད་ནའང་། ཁོང་ཡང་འདི་ལོ་སྤྱི་ཟླ་༦པའི་ཟླ་མཇུག་ནས་བཟུང་ལས་གནས་ནས་འཁྱུར་འགྲོ་བཞིན་ཡོད་པར་བརྟེན། མང་གཙོའི་ཀ་བ་གཅིག་ནུས་མེད་མི་ཆགས་པའི་ཆེད་དུ། བཅའ་ཁྲིམས་བསྐྱར་བཅོས་འདི་ནི་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎