ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་བསྡོམས་ཧིན་སྒོར་ས་ཡ་བརྒྱ་དང་གསུམ་ལྷག་གྲོས་ཚོགས་སུ་སྤྱི་མོས་གཏན་འབེབས་གནང་སོང་།
འདི་ཚེས་༢༥ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དབུ་བཞུགས་ཐོག་ཚོགས་གནང་སོང་། ད་རེས་ཀྱི་གྲོས་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་བ་དང་མཉམ། ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་བཀའ་འཁྲོལ་སྔོན་རྩིས་བསྡོམས་ཧིན་སྒོར་ས་ཡ་བརྒྱ་དང་གསུམ་ལྷག་གྲོས་ཚོགས་སུ་སྤྱི་མོས་གཏན་འབེབས་གནང་སོང་།
སྐབས་དེར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཐོག བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ནང་བོད་པའི་ཆོས་དང་། རིག་གཞུང་། ཡུལ་ལུང་གོམས་གཤིས་དང་མཐུན་པའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱུང་པ་རྣམས་ད་ལྟའི་ཆར་བོད་པའི་སློབ་གྲྭ་ག་ཚོད་ཀྱི་ལག་ལེན་བསྟར་ཐུབ་མིན་ཐད་དྭོགས་འདྲི་ཞུས་པར། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ཀྱིས་ད་ལྟའི་ཆར་ཤེས་ཡོན་སྲིད་བྱུས་དེ་བཞིན་བོད་པའི་སློབ་གྲྭ་ཁག་ཚང་མའི་ནང་ལག་ལེན་བསྟར་མུས་ཡིན་པ་ལན་འདེབས་གསལ་བཤད་གནང་སོང་།
ཡང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས། ད་ལྟའི་བོད་མི་རིགས་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་འདིར་བོད་པའི་སློབ་ཕྲུག་ཚོ་ལ་བོད་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཁབ་ལ་རྒྱལ་ཞེན་ཡོང་ཐབས་སུ་ཕྲུ་གུ་ཆུང་དུས་ནས་བོད་ཀྱི་འདས་དང་ད་ལྟའི་གནས་སྟངས་ངོ་སྤྲོད་གནང་པའི་ཐོག་ཤེས་ཡོན་སློབ་གསོ་སྤྲོད་དགོས་པ་དང་། ལྷག་པར་དུ་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡིག་འབྲུ་ཁྲི་བདུན་གྱི་སྙན ཞུའི་ནང་དོན་ངོ་སྤྲོད་དང་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེ་ཡིན་སྐོར་གསུངས་གནང་སོང་།
སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས། ཤེས་རིག་ལས་ཁུངས་དང་གཞན་སྡེ་ཚན་ཁག་མཉམ་འབྲེལ་འོག་སོ་སོའི་ཁོར་ཡུག་གི་ཚོང་ཁང་དང་ཟ་ཁང་ཁག་གི་སྒོ་བྱང་བོད་ཡིག་ནང་འབྲི་རྒྱུའི་འབད་རྩོན་གནང་བཞིན་པར་ལ་བསྔགས་བརྗོད་དང་། མ་འོངས་པར་མུ་མཐུད་ལས་གཞི་དེ་མཇུག་སྐྱོང་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་བ་དང་མཉམ། སློབ་གྲྭ་དང་སྤྱི་ཚོགས་ཞིག་ཡར་རྒྱས་ཡོང་བ་ལ་དགེ་རྒན་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་དུས། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་གི་དགེ་རྒན་ཤེས་ཡོན་ཅན་དང་ལྷག་བསམ་ཅན་མང་པོ་ཞིག་གཏན་འཇགས་ལས་བྱེད་ཁོངས་སུ་མ་ཚུད་པའི་རྐྱེན་གྱིས་སོ་སོའི་འཚོ་བའི་ཆེད་དུ་ཕྱིའི་རྒྱལ་ཁབ་ནང་སྐྱོད་པ་ཡིན་ན་མ་འོངས་བོད་པའི་སློབ་གྲྭ་ཁག་གི་གནས་སྟངས་དེ་གང་འདྲ་ཡོང་མིན་ཐད་སེམས་ཚབས་ཡོད་པས། འབྲེལ་ཡོད་ལས་ཁུངས་ཀྱི་ངོས་ནས་དེའི་ཐད་འགན་འཁུར་དམིགས་བསལ་ཞིག་བཞེས་དགོས་པའི་དགོངས་ཚུལ་བཏོན་པར་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ཀྱིས་གནས་དོན་དེ་དག་སེམས་ལ་བཞག་པའི་ཐོག་གང་ཐུབ་ཀྱིས་ཐབས་ཤེས་གནང་གི་ཡིན་ཞེས་གསུངས་གནང་སོང་།
དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་མ་འོངས་པར་ཨ་རིའི་ནང་(Charter school)་འམ་དམིགས་བསལ་སློབ་གྲྭ་འཛུགས་ཕྱོགས་དང་འབྲེལ་བའི་ཐོག་ཁོང་གིས་སློབ་གྲྭ་དེའི་ནང་གི་བསླབ་གཞི་དེ་མངའ་སྡེ་གཞུང་གི་གཏན་འབེབས་སྒྲིག་གཞི་ལྟར་འགྲོ་དགོས་སྐོར་དང་། ད་ལྟ་ལས་གཞི་དེ་དང་འབྲེལ་བའི་ཐོག་མངའ་སྡེ་གཞུང་དང་སློབ་གྲྭ་གསར་འཛུགས་གནང་མཁན་གྱི་བོད་པའི་ཚོགས་པ་དང་མཉམ་དུ་གྲོས་བསྡུར་གནང་མུས་ཡིན་པ་གསུངས་གནང་སོང་།
ད་རེས་ཀྱི་གྲོས་ཚོགས་ནང་ཤེས་རིག་ལས་ཁུངས་ཀྱི་སྐུ་མགྲོན་མོན་གྷོ་འདོད་རྒུ་གླིང་དུ་ཡོད་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་སློབ་གྲྭ་དང་། སྦེལ་ཀོབ་ལུགས་བསམ་གྱི་སེར་སྨད་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་གཉིས་རྒྱ་གར་དབུས་གཞུང་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)་ནང་དེབ་སྐྱེལ་གྱི་ལས་དོན་འགྲོ་མུས་བཞིན། རྒྱ་གར་ལྷོ་ཕྱོགས་ནས་དེབ་སྐྱེལ་ཆེད་ལས་པ་ལྕམ་སྐུ་(Harpreet Kaur)་ལགས་དང་། ལྕམ་སྐུ་(Anureek Adhikari)་ལགས། སྐུ་ཞབས་(Rakesh Kumar)་ལགས། སྐུ་ཞབས་(Sameer Kalot)་ལགས་བཅས་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པར་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་སོང་།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།