གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་དུ་འཚོགས་མ་ཐུབ་པར་འཕར་འགྱངས་གནང་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་མཉམ་ཞུགས་གནང་མཁན་ངོ་ཡོད་ཀྱི་ཉུང་མཐའི་གྲངས་ཚད་མ་ལོན་པར་བརྟེན་ཚོགས་དུས་དྲུག་པའི་ལས་དོན་ལྷག་མ་བསྐྱང་རྒྱུའི་ཚོགས་འདུ་འཕར་འགྱངས་གནང་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་པར་སྤྱི་འཐུས་ངོ་ཡོད་ཀྱི་ཉུང་མཐའི་གྲངས་ཚད་མ་ལོན་པར་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་གནང་ཡོད་པ། སྤྱི་ཟླ་༩པའི་ཚེས་༢༨ཉིན་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་རྣམ་པར་བརྡ་ཁྱབ་སྤེལ་འདུག དེའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུ་བའི་ནང་གསེས་༢པར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན། ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ། ཞེས་གསལ་བ་བཞིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་བསྐྱང་རྒྱུར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་ལོངས་མིན་དབང་གིས། རེ་ཞིག་ཚོགས་འདུ་འཕར་འགྱངས་བྱ་རྒྱུ་དང་། ཚོགས་དུས་འདིའི་ལས་དོན་ལྷག་མ་རྣམས་མུ་མཐུད་བསྐྱང་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་མཚམས་འབྲེལ་ལམ་ཞུ་རྒྱུ་ཡིན་པ་བསྒྲགས་འདུག
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དང་པོ་སྤྱི་ཟླ་༩པའི་ཚེས་༡༩ཉིན། གྲོས་ཚོགས་སུ་ལས་རིམ་རྣམ་གཞག་ཅིག་དང་འབྲེལ་ཏེ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྒྱ་མིའི་སོ་མྱུལ་དང་འབྲེལ་ཚུལ་གྱི་སྐྱོན་འཛུགས་བྱས་པར་བརྟེན། སྤྱི་འཐུས་གྲོས་ཚོགས་སུ་དེ་ལ་གླེང་སློང་རྣོ་ངར་ལྡན་པ་བྱུང་བ་མ་ཟད། བདེ་སྲུང་བཀའ་བློན་གྱིས་གསལ་བཤད་གནང་བ་དེ་ཁ་གསལ་མེད་ལུགས་སོགས་སྤྱི་འཐུས་ཁག་ཅིག་གིས་སྐྱོན་བརྗོད་དང་སྦྲགས། སྤྱི་འཐུས་གང་དེ་རྒྱ་མིའི་གཞུང་ཚབ་ལས་བྱེད་དང་འབྲེལ་བ་ཡོད་མེད་བདེ་སྲུང་གིས་གསལ་བོ་མ་བཟོས་བར་དུ། གྲོས་ཚོགས་ཀྱི་ལས་རིམ་གཞན་ལ་མཉམ་ཞུགས་གནང་རྒྱུ་མིན་པ་སོགས་བཤད་དེ། སྤྱི་འཐུས་མང་དག་ཅིག་གྲོས་ཚོགས་ལས་རིམ་ལ་མ་ཞུགས་པ་དང་། ཡང་དེ་མིན་སྤྱི་འཐུས་གཞན་མང་དག་ཅིག་བཞུགས་མོལ་ཚོགས་འདུ་ལ་མ་ཞུགས་པ་སོགས་བྱུང་ཡོད་པ་རེད།
གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦དེ་འགོ་འཛུགས་ཀྱི་སྐབས་དང་བསྟུན། འཛམ་གླིང་ས་ཕྱོགས་ཁག་སྤྱི་དང་ཁྱད་པར་རྒྱ་གར་ནང་གི་གཞིས་ཆགས་ཁག་སོགས་ནས་བོད་མི་ལྔ་བརྒྱ་ཙམ་བཞུགས་སྒར་དུ་འཛོམས་ཏེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བསྐོ་བཞག་བྱེད་མ་ཐུབ་པར་ལྷག་པ་ནི། སྤྱི་འཐུས་ལྷན་ཚོགས་སུ་ཁྲིམས་ཞིབ་པ་བསྐོ་སྟངས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་གནང་མ་ཐུབ་པར་ལྷག་ཡོད་པས། གང་མགྱོགས་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་བཅས་བསྐོ་རོགས་ཀྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་པ་དེ་ཡང་། སྤྱི་ཚེས་༢༨ཉིན་བཞུགས་སྒར་དུ་མཇུག་བསྡོམས་གནང་ཡོད་ཅིང་། དེའི་སྐོར་ཞུ་འབོད་ལས་འགུལ་གོ་སྒྲིག་པ་གཞི་རིམ་མི་མང་རེ་འབོད་ཚོགས་པའི་ཚོགས་གཙོ་བསྟན་གཡང་ལགས་ནས། སྐབས་རེར་ཁོང་ཚོའི་ལས་འགུལ་དུ་མི་གྲངས་བདུན་བརྒྱ་མ་ཟིན་ཙམ་རེའང་མཉམ་ཞུགས་གནང་སྟེ། བོད་སྤྱིའི་རྩ་དོན་དང་མང་གཙོའི་ཀ་བ་གསུམ་གྱི་གཅིག་ལ་དབང་ཆ་དང་ནུས་པ་མེད་པའི་ཐད། སྤྱི་པའི་འགན་ཁུར་ནས་ཕེབས་ཡོད་ནའང་། སྟབས་མ་ལེགས་པར་གྲོས་ཚོགས་ཚུགས་མ་ཐུབ་པར་ང་ཚོའི་ལས་འགུལ་ལ་དོན་འབྲས་མ་སོན་པ་རེད་དེ། ལས་འགུལ་འདི་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་འཕྲད་པ་ཡིན་ན། རྒྱ་ཆེའི་མང་ཚོགས་ནས་འགན་ཁུར་ཏེ་ཞུ་འབོད་བྱེད་ཐུབ་པ་གསལ་བོར་བསྟན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་ལས་འགུལ་ནང་མཉམ་ཞུགས་པ་དབང་འདུས་ལགས་ནས་ཀྱང་། གནས་སྐབས་ལས་འགུལ་འདི་མཚམས་འཇོག་གནང་གི་ཡོད་ནའང་། མ་འོངས་པར་ཁོ་ཚོའི་དགོས་འདུན་ལག་ལེན་དུ་མ་བཏབ་ན་མུ་མཐུད་ལས་འགུལ་འདི་སྤེལ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ལས་འགུལ་བ་བསོད་ནམས་རྒྱལ་པོ་ལགས་ནས། སྤྱི་འཐུས་གང་ཟག་ཁ་ཤས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་མི་བྱེད་པར་གང་ཟག་གི་དབང་སྒྱུར་བྱེད་ཐལ་གྱིས་ང་ཚོ་མི་མང་བློ་ཕམ་གྱིས་འདིར་ཡོང་དགོས་ཐུག་པ་དང་། གནས་སྐབས་རིང་ལས་འགུལ་མཚམས་འཇོག་གིས་སྤྱི་ཟླ་གསུམ་པ་བར་ངང་སྒུག་བྱེད་རྒྱུ་ཡིན་མོད། མ་འགྲིག་ན་ང་ཚོ་མུ་མཐུད་བཅར་རྩིས་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
སྤྱིར་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་བཞིན་སྤྱི་ཟླ་༩པའི་ཚེས་༡༩ནས་ཉིན་དགུའི་རིང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྤྱི་ལོ་༢༠༢༢་ལོ་ནས་༢༣ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་དང་། སྤྱི་ཡོངས་བགྲོ་གླེང་། བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་རྒྱུ་བཅས་ཡིན་ནའང་། ཉིན་གསུམ་རིང་མ་གཏོགས་ཚོགས་ཐུབ་མེད་པ་དང་། དེའི་རིང་ཆོས་རིག་ལས་ཁུངས་གཅིག་པུའི་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་ཞུས་པ་ཟིན་པ་ལས། ལས་ཁུངས་གཞན་ཁག་གི་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་ལྷག་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།