ལྕགས་ཟམ་རྫོང་གི་ས་ཡོམ་ཁྲོད་མི་གྲངས་༦༥རྐྱེན་འདས་དང་༢༤༨ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

2022.09.06
ལྕགས་ཟམ་རྫོང་གི་ས་ཡོམ་ཁྲོད་མི་གྲངས་༦༥རྐྱེན་འདས་དང་༢༤༨ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག ས་ཡོམ་ཁྲོད་རྨས་སྐྱོན་བྱུང་བའི་མི་སྣ་མྱུར་སྐྱོབ་བྱེད་བཞིན་པའི་པར་རིས། ༢༠༢༢།༠༩།༠༦
Chinese media

ཕྱི་ཟླ་༩ཚེས་༥ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་༡༢དང་ཕྱེད་ཀའི་སྟེང། བོད་ནང་གི་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དང་དར་རྩེ་མདོ་རུ་ས་ཡོམ་ཚད་རིམ་༦.༨ཅན་ཞིག་བྱུང་སྟེ་མི་སྣར་ཤི་རྨས་ཀྱི་དོན་རྐྱེན་བྱུང་ཡོད་པ་བཞིན། ཕྱི་ཟླ་༩ཚེས་༦ཉིན་གྱི་སྔ་དྲོ་ནས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ས་ཡོམ་དོན་རྐྱེན་ཁྲོད་ད་བར་མི་གྲངས་༦༥རྐྱེན་དང་། མི་༡༦བོར་བརླག་དང་མི་གྲངས་༢༤༨ལྷག་ལ་རྨས་སྐྱོན་བྱུང་ཡོད་པ་དང་། ད་དུང་མུ་མཐུད་རྐྱེན་འདས་ཀྱི་ཁ་གྲངས་འཕར་རྒྱུ་ཡིན་སྐོར་བཀོད་ཡོད་པ་དང་། གཙོ་བོ་གྲོང་ཁྱེར་གྱི་ལྟེ་བ་ཁག་ཏུ་གཏོར་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ད་དུང་མུ་མཐུད་ཡིད་གཟབ་དགོས་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ས་ཡོམ་ཁྲོད་རི་ཉིལ་བ་དང་ཁང་པ་བརྡིབས་པ། ལམ་ཆད་པ་སོགས་ཤུགས་ཆེར་བྱུང་ཡོད་པ་མ་ཟད། ཁང་པ་དང་གྱང་ར་བརྡིབས་པའི་འོག་ཏུ་མི་བསད་པ་མང་པོ་བྱུང་ཡོད་འདུག་ལ། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ས་ཡོམ་ཁྲོད་འདས་གྲོངས་སོང་བའི་མི་སྣ་ཁག་ནས་དཀར་མཛེས་ཁུལ་གྱི་མི་༣༧དང་གཡག་རྔ་གྲོང་ཁྱེར་གྱི་མི་༢༨ཡོད་དང་། ས་ཡོམ་བྱུང་སའི་ལྟེ་བ་ལྕགས་ཟམ་རྫོང་དང་དར་རྩེ་མདོ། གཞན་ཡང་ཉེ་འཁོར་གྱི་རྫོང་ཁག་ལས་བརྒྱད་ཟིལ་རྫོང་། ཉག་ཆུ་རྫོང་གཙོས་རྫོང་ཁག་༡༠ལྷག་གིས་མུ་མཐུད་ཡིད་གཟབ་དགོས་པའི་བརྡ་ཁྱབ་བཏང་འདུག་ལ། ད་ལྟའི་ཆར་མི་གྲངས་ཁྲི་༥ལྷག་ས་ཡོམ་ཉེན་གཡོལ་བྱས་ཡོད་སྐོར་བཀོད་ཡོད་པ་དང་། དེ་བཞིན་གྲོང་ཁྱེར་ཁག་གི་མི་ཚང་མ་ས་སྟོང་ཁག་ཏུ་གུར་ཕིབས་ནས་བསྡད་ཡོད་པ་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་ས་ཡོམ་གནོད་ཐེབས་ས་ཁུལ་དུ་མྱུར་སྐྱོབ་མི་སྣ་དང་ཉེན་རྟོག་པ། གཞན་ཡང་དྲག་ཆས་དམག་མི་༦༥༠༠ལྷག་བཏང་སྟེ། མྱུར་སྐྱོབ་དང་མི་མང་ལ་ཟ་མ་སྐྱེལ་བཞིན་ཡོད་སྐོར་བཀོད་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་ཟེར་བ་གཉིས་ནས་ས་ཡོམ་ཁྲོད་ཧུར་ཐག་གིས་མྱུར་སྐྱོབ་བྱས་ཏེ། མི་མང་གི་ཚེ་སྲོག་བདེ་འཇགས་ཆེད་འབད་དགོས་པ་སོགས་བརྗོད་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ས་ཡོམ་དང་རང་གི་གནོད་སྐྱོན་སྐབས་མི་མང་པོ་བཏང་སྟེ་མྱུར་སྐྱོབ་བྱས་སྐོར་གྱི་དྲིལ་བསྒྲགས་ཤུགས་ཆེར་བྱེད་སྲོལ་ཡོད་ཀྱང་། དེ་སྔ་ཕྱི་ལོ་༢༠༢༡ལོར་རྫ་སྟོད་རྫོང་དུ་ཆུ་ལོག་དང་ཕྱི་ལོ་༢༠༡༤ལོར་ཡུལ་ཤུལ་ས་ཡོམ་སྐབས་སོགས་སུ། མི་མང་ལ་རོགས་སྐྱོར་ཁག་ས་གནས་ས་ཐོག་ཏུ་མཁོ་སྤྲོད་མེད་པ་དང་རྐྱེན་འདས་སོང་བའི་གྲངས་ཐོ་གསང་བ་བྱས་པ། མི་མང་ལ་གནས་ཚུལ་བཤད་མི་བཅུག་པའི་དམ་དྲག་བྱས་རིགས་ཀྱི་གནས་ཚུལ་ལྷག་ཡོད་པ་རེད།

རྒྱ་ནག་གིས་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་འབོད་བཞིན་པའི་བོད་ཤར་ལྷོའི་བརྒྱུད་དུ་ཡོད་པའི་རྒྱལ་རོང་ས་ཁུལ་དང་དར་རྩེ་མདོ་སོགས་ནི་རི་ཁུལ་དང་གཡང་གཟར་གྱི་གནས་སུ་ཡོད་སྟབས། ལོ་ལྟར་ས་ཡོམ་དང་ཆུ་ལོག་གི་གནོད་སྐྱོན་མང་དག་ཅིག་ཡོང་གི་ཡོད་པ་རེད་ལ། དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠ ཉིན་བོད་གཡག་རྔ་ཁུལ་དུ་ཚད་རིམ་ ༧.༠ གྱི་ས་ཡོམ་བྱུང་ནས་མི་གྲངས་ ༡༩༦ རྐྱེན་འདས་དང་། མི་གྲངས་ ༡༡༤༧༠ ལ་རྨས་སྐྱོན་བྱུང་། ཡང་ཕྱི་ལོ་༢༠༡༧ ཟླ་༨ ཚེས་༨ ཉིན་གཟི་ཚ་སྡེ་དགུ་ཁུལ་དུ་ཚད་རིམ ༧.༠ ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་གྲངས ་༢༤ རྐྱེན་འདས་དང་། མི་གྲངས་ ༤༩༣ ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད། 

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ང་ཚོས་རྒྱ་ནག་དང་བརྒྱུད་ལམ་གཞན་ཞིག་བརྒྱུད་ནས་འབྲེལ་ལམ་ཐབས་ཤེས་གནང་བཞིན་ཡོད། སྲིད་སྐྱོང་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎