རྒྱ་ནག་གུང་ཁྲན་སྲིད་གཞུང་ནི་མང་གཙོ་དང་རང་དབང་ལས་ལྡོག་སྟེ་མི་སེར་སྤེལ་བའི་རིང་ལུགས་ཀྱི་གདུག་རྩུབ་ཆེ་བའི་དུས་རབས་ནང་ཕྱིར་བཤིག་རྒྱག་བཞིན་པ་གསལ་བོ་རེད་ཅེས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་པ།

2024.09.02
རྒྱ་ནག་གུང་ཁྲན་སྲིད་གཞུང་ནི་མང་གཙོ་དང་རང་དབང་ལས་ལྡོག་སྟེ་མི་སེར་སྤེལ་བའི་རིང་ལུགས་ཀྱི་གདུག་རྩུབ་ཆེ་བའི་དུས་རབས་ནང་ཕྱིར་བཤིག་རྒྱག་བཞིན་པ་གསལ་བོ་རེད་ཅེས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་པ། མང་གཙོའི་དབུ་བརྙེས་ཏེ་མི་ལོ་ ༦༤ འཁོར་བའི་དུས་དྲན་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོ ༢༠༢༤།༠༩།༠༢ ཉིན།
RFA/ Tenzin Dhonyoe

བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་མི་ལོ་ ༦༤ ཧྲིལ་པོ་འཁོར་བའི་དུས་དྲན་དང་བསྟུན། ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་དུས་དྲན་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོ་འཚོགས་ཡོད་པ་དེའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཕྱིར་ཕུད་དང་སློབ་གྲྭ་ཁག་སྒོ་བརྒྱབ་པ་སོགས། རྒྱ་ནག་གུང་ཁྲན་སྲིད་གཞུང་ནི་མང་གཙོ་དང་རང་དབང་། དྲང་བདེན། འདྲ་མཉམ། འཆམ་མཐུན་བཅས་འགྲོ་བ་མིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ལས་ལྡོག་སྟེ། མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གདུག་རྩུབ་ཆེ་བའི་དུས་རབས་ནང་ཕྱིར་བཤིག་རྒྱག་གི་ཡོད་པ་གསལ་བོ་རེད་ཅེས་གསལ་སྟོན་གནང་སོང་།

གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་གཙོའི་དུས་དྲན་གྱི་གསུང་འཕྲིན་དེ་བཞིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་སྒྲོག་སྦྱང་གནང་བའི་ནང་། བོད་ནང་གི་རང་རིགས་སྤུན་ཟླ་རྣམས་ཀྱིས་མང་གཙོའི་ལམ་ལུགས་ལ་ལོངས་སུ་སྤྱོད་རྒྱུ་ལྟ་ཞོག རྒྱ་ནག་དམར་པོའི་གཞུང་གི་གདུག་རྩུབ་ཆེ་བའི་མཁྲེགས་བཟུང་གི་སྲིད་བྱུས་འོག་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གནས་སྟངས་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་བཞིན་པ་སོགས་འཁོད་པ་དང་མཚུངས། བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་དེ་དག་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། བཙན་བྱོལ་བོད་མི་ཚོས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་འགན་ཁུར་ལྡན་པའི་ཐོག་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ཀྱི་བདེན་པའི་འཐབ་རྩོད་དང་ཆོས་རིག་སྐད་ཡིག་དར་རྒྱས་ཡོང་ཐབས་ལ་འབད་སྒྲུབ་གནང་དགོས་པ་གལ་ཆེར་མཐོང་ཞེས་འཁོད་ཡོད་པ་རེད།

མང་གཙོའི་དུས་དྲན་གྱི་མཛད་སྒོ་འདིར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཡོ་རོབ་ཨི་སི་ཐོ་ནི་ཡ་ (Estonia) རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཀྱང་ཆེད་དུ་ཕེབས་ཀྱིས་གསུང་བཤད་གནང་ཡོད་པ་ལས། ཨི་སི་ཐོ་ནི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Juku Kalle Raid ལགས་ནས། རྒྱ་ནག་སོགས་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ནི་ཧ་ཅང་ལམ་སྲོལ་ཐེབས་ཆག་ཅིག་ཡིན་པའི་སྐྱོན་བརྗོད་དང་འབྲེལ། རང་དབང་ནི་སོ་སོའི་ཆོད་སེམས་ལས་འགོ་བཙུགས་པ་མ་གཏོགས་འཛམ་གླིང་གིས་བོད་ལ་རང་དབང་འཐོབ་པར་བྱེད་མི་ཐུབ་པས། བོད་མི་རྣམས་ཀྱི་བོད་རང་དབང་ཡོང་བའི་ཆོད་སེམས་བརྟན་པོ་ཡོད་པ་དེར་ང་ཚོས་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསལ་སྟོན་གནང་གི་འདུག


ཁོང་གིས་མང་གཙོ་ནི་རང་དབང་གི་ཐོག་ནས་སོ་སོའི་ཁྱིམ་མཚེས་དང་ལྷན་ཞི་བདེ་འཆམ་མཐུན་ངང་གནས་ཐུབ་པ་ཞིག་ཡིན་པ་སོགས་གསལ་སྟོན་དང་སྦྲགས། འཛམ་གླིང་འདི་རང་དབང་གི་ཕྱོགས་སུ་བསྐྱོད་བཞིན་པ་དང་། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་ཁོང་ལ་བོད་དོན་རྒྱབ་སྐྱོར་བྱས་པར་བཀག་འགོག་གི་ཡི་གེ་འབྱོར་ཚུལ་དང་། རང་དབང་གི་གོམ་སྟབས་རེ་རེ་བཞིན་སོ་སོའི་སེམས་ནས་འགོ་འཛུགས་ཀྱི་ཡོད་པས་གྲོས་ཚོགས་འཐུས་མིའི་གཞུང་འབྲེལ་གྱི་སྐུ་ཚབ་ཙམ་མིན་པར། ཨི་སི་ཐོ་ནི་ཡས་བོད་མི་ཚོའི་རང་དབང་གི་ཆོད་སེམས་དང་བོད་ཀྱི་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དང་བོད་རང་དབང་འཐོབ་ཐབས་བཅས་ལ་རྒྱབ་སྐྱོར་ཡོང་རེ་ཡོད་ཅེས་གསལ་སྟོན་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་ཕུལ་བྱུང་སློབ་ཡོན་བཞེས་མཁན་གྱི་སློབ་ཕྲུག་ཚོར་ཕྱག་ཁྱེར་དང་།རིག་ཚན་སོ་སོར་རྩེ་ཕུད་སོན་པའི་སློབ་ཕྲུག་ཚོར་དགའ་ལྡན་ཕོ་བྲང་གིས་གཟེངས་བསྟོད་ཕུལ་བ། འབུམ་རམས་པ་ཆེ་བསྟོད་བྱ་དགའ་བཞེས་མཁན་ལ་ལེགས་གསོལ་དང་། ལས་བྱེད་ཞབས་ལོ་ ༢༥ ཡན་འཁོར་མཁན་ཚོར་ལེགས་གསོལ་ཕྱག་ཁྱེར་བཅས་སྩལ་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞི་རིམ་མི་མང་རེ་འབོད་ཚོགས་པས་ད་རེས་གྲོས་ཚོགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པའི་རེ་སྐུལ་ཞུས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎