གྲོས་ཚོགས་ལས་ཉིན་གཉིས་པར་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐད་བགྲོ་གླེང་གནང་ཡོད་པ།

2024.09.12
གྲོས་ཚོགས་ལས་ཉིན་གཉིས་པར་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐད་བགྲོ་གླེང་གནང་ཡོད་པ། གྲོས་ཚོགས་ལས་ཉིན་གཉིས་པར་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐད་བགྲོ་གླེང་གནང་སྐབས། ༠༩།༡༢།༢༠༢༤
TPiE

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་བཞུགས་སྒར་དུ་འཚོགས་བཞིན་པ་དང་། གྲོས་ཚོགས་ལས་ཉིན་གཉིས་པ་སྤྱི་ཟླ་༩པའི་ཚེས་༡༢ཉིན། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དང་བཅས་པའི་ལས་སྡོམ་ཐོག་བགྲོ་གླེང་དང་བཀའ་ཤག་གིས་ལན་འདེབས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ཁྱབ་ཁོངས་ས་གནས་འགོ་འཛིན་ཁག་ལ་བར་ལམ་ནང་སྲིད་དྲུང་ཆེ་ནས་མ་འོངས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཕེབས་དགོས་པ་དང་། དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་མུ་མཐུད་དུ་གནས་དགོས་པ་ས་གནས་སོ་སོ་ནས་གྲོས་ཆོད་བཞག་སྟེ་མི་མང་གི་ངོ་ཚབ་ཀྱིས་ཕུལ་དགོས་པའི་སྐུལ་མ་གནང་ཡོད་པ་དང་འབྲེལ་ཏེ། བོད་མི་མང་མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ནས། གྲོས་ཚོགས་ར་བ་འདིར་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཆེན་པོ་བཞི། གཡུང་དྲུང་བོན་དང་བཅས་པའི་འཐུས་མི་ཡོད་པས། ང་ཚོས་གྲོས་ཆོད་བཞག་ན་འགྲིག་པ་དང་དེས་མ་འཐུས་པ་ག་རེ་ཡོད་པ་རེད། མི་མང་རེ་རེ་ལ་བསུན་པོ་བཟོ་དགོས་དོན་མེད་པ་སོགས་ཀྱི་དྲི་བ་བཏང་གནང་སོང་ལ།
དེ་ལ་ནང་སྲིད་བཀའ་བློན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ལན་འདེབས་གསལ་བཤད་ནང་། བོད་ནང་གནས་ཚུལ་མང་པོ་ཡོང་བསྡད་པ་ང་ཚོས་ཕྱིར་བསྒྲགས་དང་རྒྱལ་སྤྱིའི་ནང་ཤུགས་ཆེར་འགྲོ་མ་ཐུབ་པ་དེ། དཔང་རྟགས་བསྟན་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཞུང་དང་གསར་འགོད་པ་བཅས་པར་དཔང་རྟགས་དགོས་ཀྱི་ཡོད་པ་རྒྱ་ནག་གཞུང་གིས་ཤེས་ཀྱི་ཡོད་པ་དང་། དཔང་རྟགས་གསལ་བོ་ཞིག་ཡོད་པ་ཡིན་ན། མ་འོངས་པར་ང་ཚོས་སྐུའི་ཡང་སྲིད་སོགས་ཀྱི་ཐོག་གཅིག་ནས་གོ་སྟོན་གྱི་སྔོན་༧གོང་ས་མཆོག་ལ་སྤྱན་བསྟར་ཞུས་ཏེ། ༧རྒྱལ་བ་རིན་པོ་ཆེས་ཐུགས་ཐག་གཅོད་པ་དང་བཀའ་གནང་བར་ཐུགས་ཕན་སོས་པ་ཞིག་དང་། གཉིས་ནས། ང་རང་ཚོའི་ངོས་ནས་ད་ལྟ་འདིར་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གཙོས་པའི་མི་མང་ཚང་མས་གནད་དོན་འདིའི་ཐོག་གཅིག་གྱུར་ཡིན་པ་སྟོན་ཐུབ་ན། རང་བཞིན་གྱིས་ཚང་མར་ཕན་པ་མ་གཏོགས་གནོད་དགོས་པའི་རྒྱུ་མཚན་གཅིག་ཀྱང་མེད་པ་སོགས་གསལ་སྟོན་གནང་སོང་།
གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་གསལ་བཤད་ཀྱི་ནང་། ནང་སྲིད་དྲུང་ཆེ་ལ་མངགས་པའི་དོན་དག་གཉིས་ནི། ང་ཚོས་ཆབ་སྲིད་ཀྱི་ཐོག་ནས་དེ་ཐབས་ཇུས་གལ་ཆེན་པོ་ཞིག་ལ་བརྩིས་ཏེ། ༧རྒྱལ་བ་རིན་པོ་ཆེའི་སྐུའི་ཡང་སྲིད་ཀྱི་སྐོར་རྒྱ་ནག་གིས་གྲ་སྒྲིག་མང་པོ་ཞིག་བྱས་ཡོང་གི་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དེའི་སྟེང་མང་པོ་ཞིག་བལྟ་བསྡད་ཡོད་པས། ང་ཚོའི་ངོས་ནས་ང་རང་ཚོའི་ཕུགས་ཀྱི་ཁེ་ཕན་གྱི་ཆེད་དུ། ང་ཚོས་བྱེད་ཐུབ་པ་ནི་དེ་འདྲ་ཞིག་ཡིན་པ་དང་དེ་བྱེད་དགོས་འདུག་ཅེས་ང་ཚོས་ཞུ་བཞིན་པ་མ་གཏོགས། དེ་ང་ཚོས་སྤྱི་ཚོགས་ནང་རྙོག་དྲ་བསླང་བ་དང་ཚུད་མ་ཚུད་ཅིག་རྩ་བ་ནས་མ་རེད་ཅེས་གསལ་བཤད་གནང་ཡོད་པ་རེད།

8th Session of the 17th Tibetan Parliament-in-Exile (2).jpg
གནད་དོན་དེའི་ཐོག་གྲོས་ཚོགས་ནང་སྤྱི་འཐུས་མང་དག་ཅིག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་དོ་གལ་ཆེན་པོས་དྲི་བ་གནང་ཡོད་པར་བརྟེན། སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ནས། “དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་དེ་གནས་དགོས་པ་ནི་བོད་པ་གཅིག་པུ་ཙམ་མིན་པར་འཛམ་གླིང་སྤྱི་ལ་ཕན་ཐོགས་འདུག་ཅེས། སྐུ་མདུན་ལ་གསོལ་འདེབས་ཞུས་ཏེ་༧རྒྱལ་བ་རིན་པོ་ཆེས་ཐུགས་ཐག་གཅོད་གནང་དགོས་པ་དང་། གཉིས་པ་ནི་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་དགོས་ཀྱི་འདུག་ཅེས་པ་དེ། ཆོས་ཚོགས་ཀྱི་ཚོགས་ཆེན་གྲོས་ཆོད་དང་གཅིག་པ་གཅིག་རྐྱང་རེད། སྤྱིར་བཏང་ང་ཚོ་ཚོགས་ཁང་འདིའི་ནང་གི་ཚང་མ་མི་མང་གི་སྐུ་ཚབ་དང་ཆོས་རྒྱུད་སོ་སོའི་སྐུ་ཚབ་ཡིན་པས། ང་ཚོ་ཚང་མས་མཚོན་མི་ཐུབ་པ་ཅི་ཡང་མེད་ནའང་། འཛམ་གླིང་འདིར་དེང་སང་དཔང་རྟགས་ཧ་ལས་པ་ཞིག་དགོས་ཀྱི་ཡོད་པར་བརྟེན། དང་པོ་བོད་པ་ཚོས་དེའི་ཐོག་འདོད་པ་ཡོད་པ་གཅིག་བསྟན་ཐུབ་པ་ཡིན་ན། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་བོད་པ་མིན་པ་ཚོས་ང་ཚོ་ལ་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་ནང་པའི་ཚོགས་པ་ཚོས་ཀྱང་རྒྱབ་སྐྱོར་ཡོང་བར་འབད་བརྩོན་གྱིས་རྒྱ་ཆེ་ས་ནས་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་དགོས་པ་སོགས་གསལ་སྟོན་གནང་སོང་།
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་བ་ལྟར་ན། བཀའ་ཤག་སྐབས་བཅུ་དྲུག་པས་རྗེས་འབྱོར་བོད་མི་ས་ཁང་མེད་པ་རྣམས་ལ་ས་ཁང་མཐུན་འགྱུར་དང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་ཆེད། འདས་བའི་ནང་ཁ་འཐོར་དང་རྗེས་འབྱོར་བོད་མི་རྣམས་ལ་གཞིས་ཆགས་སུ་སྡོང་ཁང་སྤྲོད་རྒྱུའི་ལས་གཞི་ཞིག་བརྩམས་ཏེ། བདེ་སྐྱིད་གླིང་དགེ་འཕེལ་གླིང་དང་སྦེལ་ཀོབ་ཅོ་ཀུར། ཀོ་ལི་གྷལ། ཧོན་སུར། མོན་གྷོ་གཞིས་ཆགས་སོགས་སུ་སྡོད་ཁང་སྤྲད་རྒྱུའི་ལས་གཞི་སྒྲིག་མུས་ཡིན་འདུག་ལ། དེ་བཞིན་ལ་དྭགས་བྱང་ཐང་ཁུལ་གྱི་འབྲོག་པ་རྣམས་ལའང་སྡོད་ཁང་གསར་རྒྱག་གི་ལས་གཞི་ཞིག་སྤེལ་མུས་ཡིན་འདུག
འདི་ཚེས་༡༢་ཉིན་ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དང་ཞིབ་བཤེར་ལས་རིམ་གྲུབ་རྗེས། དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ཀྱིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་སྤྱི་འཐུས་རྒྱུན་ལས་ཀྱིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་སྡོམ་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཞུས་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་མི་སེར་གཉིས་ཀྱིས་ཞི་བའི་ལས་འགུལ་ལ་བར་ཆད་བཟོས་རྗེས་ཐེ་ཝན་ནས་ཕྱིར་ཕུད་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གི་དམ་དྲག་ཡོད་རྐྱེན་རྒྱ་གར་བ་ཚོས་ཐད་འཕུར་གནམ་གྲུ་བརྒྱུད་བར་སྣང་ནས་གངས་རིན་པོ་ཆེར་མཇལ་ཐབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎