འབར་མའི་ལྕམ་ཨང་སེན་སོ་ཇེ་༧གོང་ས་མཆོག་དང་མཇལ་མོལ།
2012.06.20
ཕྱི་ཚེས་༡༩ཉིན་ཞི་བདེའི་དེད་དཔོན་རྣམ་གཉིས་་མཇལ་འཕྲད་གནང་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་ཨང་སེན་སོ་ཇེ་ལ། ཁོང་ད་རེས་དངོས་སུ་མཇལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་ཐུགས་མཉེས་པོ་བྱུང་ཞེས་བཀའ་གནང་སྟེ་ལྕམ་ཨང་སེན་སོ་ཇེ་ཡི་སྙིང་སྟོབས་དང་ཆོད་སེམས་ལ་བསྔགས་བརྗོད་གནང་འདུག།
ཡང་༧གོང་ས་མཆོག་གིས་ཁོང་གིས་ཡབ་དམ་པ་ལྟར་ཆོད་སེམས་བརྟན་པོའི་ཐོག་ནས་འགྲོ་བ་མིའི་རིགས་སྤྱིའི་བདེ་དོན་ཆེད་ལྷག་བསམ་ཧུར་བསྐྱེད་ཀྱིས་འབད་བརྩོན་གནང་བཞིན་པ་དེར་ལམ་ལྷོང་ཡོང་བའི་རེ་བ་དང༌། སྨོན་འདུན་ཞུ་རྒྱུ་ཡིན། སླད་མར་ཡང་ཁོང་དང་མཇལ་འཕྲད་བསྐྱར་དུ་ཡོང་བའི་རེ་བ་ཡོད་ཅེས་བཀའ་གནང་བ་དང་། ལྕམ་ཨང་སེན་སོ་ཇེ་ལ་སྟོན་པའི་སྐུ་བརྙན་ཞིག་ཀྱང་ཕྱག་རྟགས་སུ་གསོལ་སྩལ་གནང་འདུག།
དེའི་ཐད་རྒྱ་གར་གསར་ཤོག་Hindustan Times ནང་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་ཐེངས་འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སེན་སོ་ཇེ་བཟང་བཙོན་འོག་ནས་གུ་ཡངས་བཏང་བ་ནི་འབར་མའི་དྲག་པོའི་སྲིད་གཞུང་གི་ལས་དོན་བཟང་པོ་ཞིག་ལ་ངོས་འཛིན་གནང་བ་དང༌། འབར་མ་དེ་བཞིན་ནང་པའི་རྒྱལ་ཁབ་ཅིག་ཡིན་པས་དྲག་པོའི་འགོ་ཁྲིད་ཚོའི་ཁྲོད་ནང་ཆོས་ལ་དད་པ་བྱེད་མཁན་མང་པོ་ཡོད་སྲིད་པས། ཉིན་རེའི་ཆབ་སྲིད་དང་འབྲེལ་བའི་ལས་དོན་བྱེད་སྐབས་ནང་པ་སངས་རྒྱས་པའི་བལྟ་གྲུབ་ནང་གསལ་སེམས་རྒྱུད་ལ་སྙིང་རྗེ་བསྐྱེད་དགོས་པའི་སྐོར་བཀའ་གནང་འདུག།
དེ་ལྟར་༧གོང་ས་མཆོག་གིས་ད་རེས་ ལོན་ཌོན་ཁུལ་གྱི་Westminster གཙུག་ལག་སློབ་གྲྭ་ཆེན་མོར་མང་གཙོའི་རིན་ཐང་དང་བོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཆེད་ཆིབས་བསྒྱུར་བསྐྱངས་ཡོད་པ་དང༌། འབར་མའི་ལྕམ་ཨང་སེན་སོ་ཇེ་མཆོག་ལོ་ངོ་༢༤རྗེས་དབྱིན་ཡུལ་དུ་ཕྱིར་ལོག་གནང་བ་ཐོག་མ་ཡིན་པ་རེད།