ནག་ཆུ་སོག་རྫོང་ནས་བོད་མི་དྲུག་འཇུ་བཟུང་བྱས་འདུག


2014.03.24
སོག་རྫོང་ཁྲི་རྡོ་ཡུལ་ཚོ་དྲིལ་མདའ་དགོན་པའི་དབུ་མཛད་ལས་ཐོག་ཚངས་དབྱང་རྒྱ་མཚོ་ལགས། སོག་རྫོང་ཁྲི་རྡོ་ཡུལ་ཚོ་དྲིལ་མདའ་དགོན་པའི་དབུ་མཛད་ལས་ཐོག་ཚངས་དབྱང་རྒྱ་མཚོ་ལགས།
པར། ངག་དབང་ཐར་པ།

རྒྱ་གཞུང་གིས་ནག་ཆུ་སོག་རྫོང་ནས་སྔ་ཕྱིར་བོད་མི་དགེ་འདུན་པ་དྲུག་འཇུ་བཟུང་གིས་ད་ཆར་གར་ཡོད་མ་ཤེས་པར་ལྷག་འདུག
དེ་ཡང་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་གཞུང་གིས་ཟླ་འདིའི་ཚེས་༡༧ཉིན་གྱི་མཚན་མོར་ནག་ཆུ་སོག་རྫོང་ཁྲི་རྡོ་ཡུལ་ཚོ་དྲིལ་མདའ་དགོན་པའི་དབུ་མཛད་ལས་ཐོག་སྐུ་ཞབས་ཚངས་དབྱང་རྒྱ་མཚོ་ལགས་དང་། ཚེ་དབང་ལགས། ཨ་ཚེ་ལགས། རྒྱལ་མཚན་ལགས་བཅས་དགེ་འདུན་པ་བཞི་འཛིན་བཟུང་བྱས་ཏེ་ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་རྟོགས་མེད་པ་དང་། ཡང་ཟླ་བ་འདིའི་ཚེས་༡༤་ཉིན་སོག་རྫོང་ཙན་དན་དགོན་པའི་ནང་དུ་རྒྱ་ནག་གཞུང་གི་རྒྱལ་དར་མེར་བསྲེགས་བཏང་བ་མ་ཟད། དགོན་པར་གནས་སྡོད་ལས་བྱེད་པའི་ཁང་པའི་སྒོ་ངོས་སུ་བོད་རང་བཙན་ཡིན་ཞེས་ཡི་གེ་བྲིས་པར་བརྟེན་སྐུ་ཞབས་གྲགས་པ་ལགས་རྒྱ་ནག་གཞུང་གིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད།  འདི་ལོ་དགུང་གྲངས་ཉི་ཤུར་ཕེབས་པའི་སྐུ་ཞབས་གྲགས་པ་ལགས་ནི་སོག་རྫོང་གཡག་ལ་ཡུལ་ཚོའི་གཡང་ངེ་གྲོང་གི་གཡང་གཟིགས་ཚང་ནས་ཡིན་པ་རེད།  དེ་མིན་ཡང་ཕྱི་ཚེས་༡༦་ཉིན་སོག་ཙན་དན་དགོན་གྱི་སྐུ་ཞབས་ཆོས་དབྱིངས་སྐལ་ལྡན་ལགས་གྱིས་འཕྲིན་ཐུང་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྩོམ་ཡིག་ཅིག་གྲོགས་པོ་ཚོ་དང་། དགོན་པའི་ནང་གི་ལས་དོན་འགོ་ཁྲིད་ཚོའི་ཁ་པར་ནང་དུ་བསྐུར་བར་བརྟེན་ས་གནས་གཞུང་གི་ཉེན་རྟོག་ལས་ཁང་ནས་ཁོང་འཛིན་བཟུང་བྱས་ནས་ད་ཆ་ས་གནས་གང་དུ་བཀག་ཉར་བྱས་ཡོད་མིན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།  དགུང་གྲངས་ཉི་ཤུར་ཕེབས་པའི་སྐུ་ཞབས་ཆོས་དབྱིངས་སྐལ་ལྡན་ལགས་ནི་སོག་རྫོང་གཡག་ལ་ཡུལ་ཚོའི་གཡེག་གུ་གྲོང་གི་ལྷ་འཁྱིལ་ཚང་ནས་ཡིན་པ་རེད།  ད་ལྟ་རྒྱ་གཞུང་གིས་སོག་རྫོང་ནང་གི་བརྒྱུད་ལམ་ཡོངས་རྫོགས་བཀག་ཡོད་པ་མ་ཟད།   ས་གནས་སུ་དམག་སྒར་བརྒྱབ་ཏེ་མི་མང་གི་འགྲོ་སྡོད་ལ་དམ་དྲག་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎