ལྷ་སར་མགྲོན་ཁང་རྒྱག་འཆར་ལ་དོགས་འདྲི་བྱས་འདུག


2013.12.19
ལྷ་སར་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་གསར་རྒྱག་བྱེད་མཁན་ཚོགས་པའི་མདུན་ངོ་རྒོལ་བྱེད་བཞིན་པ། ལྷ་སར་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་གསར་རྒྱག
པར། FT

བོད་ཀྱི་རྒྱལ་ས་ལྷ་སར་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་གསར་རྒྱག་བྱེད་འཆར་ཐད་མ་རྩ་འཛུགས་མཁན་ལ་དབྱིན་ཡུལ་གྲོས་ཚོགས་མི་སྣས་འདྲི་རྩད་བྱས་འདུག
དེ་ཡང་བོད་རང་དབང་ལས་འགུལ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མིས་བོད་ཀྱི་རྒྱལ་ས་ལྷ་སར་InterContinental ཞེས་བའི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་གསར་རྒྱག་སྒོ་འབྱེད་བྱེད་འཆར་ཐད། ཕྱི་ནས་མ་རྩ་འཛུགས་མཁན་མགྲོན་ཁང་ཚོང་གཉེར་བར་འདྲི་རྩད་བྱས་ཡོད་པ་དང་། དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Fabian Hamiltonལགས་ཀྱིས་མགྲོན་ཁང་དང་ལྷ་ས་བར་གྱི་འབྲེལ་བའིོ་སྐོར་ལ་དྲི་བ་མང་པོ་དྲིས་གནང་བ་དང་། ལྷག་དོན་མགྲོན་ཁང་གསར་རྒྱག་གི་ལས་འཆར་ཐག་གཅོད་མ་བྱས་བའི་སྔོན་བོད་ནང་དང་། ལྷག་དོན་ལྷ་སར་ཡོད་པའི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐོང་དང་། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཇི་ཐེབས་དཔྱད་ཞིབ་བྱས་ཡོད་མེད། དེ་བཞིན་མགྲོན་ཁང་གི་མཐུན་རྐྱེན་འོག་ནས་རྒྱ་ནག་གི་གཞུང་ཞབས་དཔོན་རིགས་དང་། བདེ་འཇགས་དཔུང་དམག་བཅས་ཀྱི་འཆར་འགོད་ལ་རྒྱབ་སྐྱོར་མི་ཡོང་བ་ཇི་ལྟར་གནང་ཐུབ་མིན་སོགས་འདྲི་རྩད་བྱས་ཡོད་འདུག་ལ་། མ་ཟད་དེ་སྔོན་གྲོས་ཚོགས་ཀྱི་འཐུས་མི་Kate Hoey ལགས་ཀྱིས་ཀྱས་མགྲོན་ཁང་དེའི་འཆར་གཞི་ཕྱིར་འཐེན་དགོས་བའི་ཕྱག་བྲིས་བཏང་ཡོད་འདུག
ཁང་མིག་༡༠༠༠ཙམ་ཡོད་པའི་InterContinentalལྷ་སའི་ལྷ་ཡུལ་ཞེས་བའི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་དེ་སྤྱི་ལོ་༢༠༡༤ལོར་སྒོ་འབྱེད་བྱེད་འཆར་ཡོད་པ་རེད། ཡིན་ན་ཡང་བོད་ནང་གི་མགྲོན་ཁང་དེའི་བདག་པོ་Deng Hong ཟེར་བ་ཁོང་ལ་ཁྲིམས་འགལ་གྱི་ནག་ཉེས་ཕོག་ནས་ཞིབ་འཇུག་བྱེད་མུས་ཡིན་པ་རེད་། དབྱིན་ཡུལ་གྱི་བོད་རང་དབང་ལས་འགུལ་ཚོགས་པས་ལྷ་སར་མགྲོན་ཁང་དེ་འདྲ་སྒོ་འབྱེད་བྱས་བས་བོད་མི་ཚོར་ཕན་པ་ལས་གནོད་པ་ཆེ་བ་ཡོང་རྒྱུའི་རྒྱུ་མཚན་སྣ་མང་ར་སྤྲོད་ཀྱིས་མུ་མཐུད་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་ཚོགས་པ་དེའི་ཚོགས་གཙོ་Eleanor Byrne-Rosengrenལགས་ཀྱིས་སྤྱི་བསྒྲགས་གནང་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎