འབྲི་རུ་ནས་ངོ་རྒོལ་སྐད་འབོད་དང་འཛིན་བཟུང་།
2013.10.21

ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ས་གནས་རྒྱ་ནག་གི་སྲིད་གཞུང་ལས་ཁུངས་མདུན་དུ་བོད་མི་མང་པོས་སླར་ཡང་ངོ་རྒོལ་སྐད་འབོད་བྱས་བར་ཉུང་མཐར་བོད་མི་མི་གྲངས་༡༠འཛིན་བཟུང་བྱས་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཟླ་བ་འདིའི་ཚེས་༡༨ཉིན་བོད་མི་བསྟན་འཛིན་རང་གྲོལ་གློ་བུར་དུ་འཛིན་བཟུང་བྱས་རྗེས། ཚེས་༡༩ཉིན་འབྲི་རུ་རྫོང་ཤག་ཆུ་ཤང་སྲིད་གཞུང་གི་སྒོ་འགྲམ་དུ། ས་གནས་བོད་མི་ཉིས་བརྒྱ་ཙམ་གྱིས་བསྟན་འཛིན་རང་གྲོལ་གློད་གྲོལ་དགོས་པ་དང་། ཉམ་ཆུང་བོད་རིགས་མི་དམངས་ལ་སྐད་ཆ་བདེན་པ་དང་གནས་ལུགས་བཤད་མ་བཅུག་པ། ལྷག་པར་བོད་མི་ཚོ་ཁྲིམས་འགལ་རེད་ཟེར་ནས་མ་ཉེས་ཁ་གཡོག་གིས་གང་བྱུང་འཛིན་བཟུང་གིས་ཉེས་རྡུང་མ་གཏོང་རོགས་ཞེས་འབོད་སྐུལ་སྐད་འབོད་བྱས་ཡོད་འདུག ད་དུང་ཁོང་ཚོས། ཁ་བྲལ་གཏོང་མཁན་ངོ་མ་ནི་ཁྲིམས་དྲང་པོ་མེད་པ་དང་། དབང་ཆ་གཅིག་སྡུད་ཀྱིས་མི་མང་ལ་རང་དབང་མི་སྟེར་བའི་སྲིད་གཞུང་གི་ལས་བྱེད་ཚོ་ཡིན་པ་དང་། སྲིད་གཞུང་གི་ཁྲིམས་དྲང་བདེན་དགོས་པའི་འབོད་སྐུལ་ཞུ་རུ་སླེབས་པ་ཡིན་ཞེས་བརྗོད་འདུག འོན་ཀྱང་སྐབས་དེར་ཁོང་ཚོའི་འབོད་སྐུལ་ལ་ཉན་རྒྱུའི་ཚབ་ཏུ་བོད་མི་ཞོ་དར་དང་། རྡོར་རྒྱལ། ལྷ་མོ། སྐལ་བཟང་རྣམ་གྲོལ། སྨན་རྒྱལ། བཟང་མོའི་བུ་སོགས་ཉུང་མཐར་མི་བཅུ་གྲངས་ཙམ་འཇུ་བཟུང་བྱས་ཡོད་པ་དང་། རིམ་པས་ད་དུང་འཇུ་བཟུང་བྱ་སྲིད་པའི་འཇིགས་སྐུལ་བྱས་ཡོད་འདུག