རྒྱ་ནག་ནང་ཉལ་ཐ་འཐེན་མཁན་མི་འབོར་ས་ཡ་བཅུ་བཞི་བརྒལ།
2015.06.25
རྒྱ་ནག་ཏུ་ཉལ་ཐ་འཐེན་མཁན་མི་འབོར་ས་ཡ་བཅུ་བཞི་བརྒལ་གྱི་ཡོད་པ་རྒྱ་ནག་གི་དུག་རྫས་ཀྱི་དུས་བབ་སྙན་ཐོའི་གྲངས་འབོར་ལས་མང་བ།
དེ་ཡང་ཟླ་༦ཚེས་༢༦ཉིན་མོ་ནི་རྒྱལ་སྤྱིའི་ཉལ་ཐ་འགོག་པའི་ཉིན་མོར་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་ཕྱོིགས་ཀྱིས་ཁ་ས་ཚེས་༢༤ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་ལས་ཁང་གིས། སྤྱི་༢༠༡༤ལོའི་རྒྱ་ནག་ཏུ་དུག་རྫས་ཀྱི་དུས་བབ་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་རྒྱ་ནག་སྐམ་ས་ཆེན་པོའི་ནང་ཐོ་བཀོད་བྱས་པའི་ཉལ་ཐ་འཐེན་མཁན་མི་ས་ཡ་གཉིས་དང་དགུ་ཁྲི་ལྔ་སྟོང་ལྔ་བརྒྱ་ཡོད་པ་བཏོན་ཡོད་ནའང་དོན་དངོས་ཐོག་ཉལ་ཐ་འཐེན་མཁན་མི་ས་ཡ་བཅུ་བཞི་བརྒལ་ཡོད་པ་དེི་རིང་BBC་སོགས་བརྒྱུད་ལམ་ནང་གསལ་སྟོན་བྱས་འདུག གོང་གསལ་རྒྱ་ནག་གཞུང་གིས་བཏོན་པའི་དུག་རྫས་ཉལ་ཐ་དུས་བབ་སྐོར་གྱི་སྙན་ཐོ་དེའི་ནང་། དུག་རྫས་གང་བྱུང་བེད་སྤྱོད་བྱེད་པ། དུག་རྫས་ཀྱི་ཡོང་ཁུངས། དུག་རྫས་དབོར་འདྲེན། དུག་རྫས་ཀྱི་འཕེལ་ཕྱོགས་བཅས་ཁག་བཞི་ལ་དབྱེ་ནས་བཤད་ཡོད་པ་ནི་ཐེངས་དང་པོི་ཡིན་པ་རེད། དུག་རྫས་ཉལ་ཐ་འཐེན་མཁན་གྱི་ལོ་ནའི་ཆ་ནས་རྒན་གཞོན་བར་གསུམ་ཡོད་པ་གསལ་པོ་ཡིན་ནའང་ལོ་ན་༣༥་མན་གྱི་ན་གཞོན་དུག་རྫས་སྤྱོད་མཁན་ནི་ཉལ་ཐ་འཐེན་མཁན་ཐོ་འགོད་བྱས་པའི་སྤྱིའི་མི་འབོར་གྱི་ཕྱེད་ཀ་ཙམ་བརྒལ་གྱི་ཡོད་པ་རེད། རྒྱ་ནག་གི་ཉལ་ཐ་དུག་རྫས་འགོག་པའི་ལྷན་ཁང་གི་འགན་འཛིན་གཞོན་པ་དང་། སྤྱི་བདེ་ལས་ཁང་གི་རམ་འདེགས་འགན་འཛིན་ལིའུ་ཡའོ་ཅིན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག་རྒྱ་ནག་ཏུ་ཉལ་ཐ་དུག་རྫས་ཀྱི་གནས་སྟངས་ཐད་གསལ་འགྲེལ་བྱས་པའི་ནང༌། རྒྱ་ནག་སྐམ་ས་ཆེན་པོའི་ནང་ཉལ་ཐ་དུག་རྫས་ཀྱིས་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེ་བཟོི་གིན་ཡོད་པ་དང་། ལོ་ལྟར་དུག་རྫས་ཉལ་ཐ་ཡིས་ཐད་ཀར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་ལྔ་སྟོང་ཟིན་གྱི་ཡོད་པ་དང་། ཉལ་ཐ་འཐེན་མཁན་དེའང་ཁེ་ལས་ཀྱི་ལས་བཟོ་དང་། རང་དབང་ཅན་གྱི་ལས་གཉེར་མཁན། རིག་རྩལ་ལས་རིགས་པ། ཐ་ན་གཞུང་གི་ལས་བྱེད་པ་སོགས་མི་སྣའི་ཁྲོད་ཁྱབ་གདལ་འགྲོ་གིན་ཡོད་ལ་ཉལ་ཐ་དུག་རྫས་རིགས་ཀྱང་འདྲ་མིན་ཞིག་སྤྱོད་ཀྱི་ཡོད་པ་བཤད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།