ཨ་མདོ་རྔ་པར་བོད་མི་ཞིག་ལ་ལོ་བཞིའི་བཙོན་འཇུག་ཉེས་ཆད།

ཨ་མདོ་རྔ་པ་རྫོང་ཁྲིན་ཀན་སྡེ་པའི་དོན་ཁོ་རྒྱག་པར་ས་གནས་ཀྱི་འབྲིང་རིམ་ཁྲིམས་ཁང་ཞིག་ནས་ལོ་ངོ་བཞིའི་བཙོན་འཇུག་གི་ཉེས་ཆད།

༄༅༎ཨ་མདོ་རྔ་པ་རྫོང་ཁྲིན་ཀན་སྡེ་པའི་དོན་ཁོ་རྒྱག་པ་རང་ལོ་༤༦ཙམ་ཡིན་པ་དེར་ས་གནས་ཀྱི་འབྲིང་རིམ་ཁྲིམས་ཁང་ཞིག་ནས་ལོ་ངོ་བཞིའི་བཙོན་འཇུག་གི་ཉེས་ཆད་བཏང་འདུག།

དེ་ཡང་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ ཀིརྟི་གྲ་ཚང་གི་དགེ་འདུན་པ་ཀ་ཉག་ཚེ་རིང་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་པར་གཞིགས་ན་ དོན་ཁོ་རྒྱག་པ་སྔ་ལོ་༢༠༠༩ལོའི་ཟླ་༨ཚེས་༢༥ཡས་མས་ཙམ་ལ་འཛིན་བཟུང་བྱས་འདུག་པ་དང་ ཁོང་གི་ཐོག་ད་ལྟ་ལོ་ངོ་བཅུ་གསུམ་གྱི་བཙོན་འཇུག་ཉེས་ཆད་གྲུབ་བཞིན་པ་ཀིརྟི་དགོན་གྱི་གྲྭ་བ་ཆོས་དར་སྦས་སྐུང་བྱས་པའི་ཉེས་མིང་བཙུགས་པ་དང་ ཁོང་ལ་༢༠༡༠ཕྱི་ཟླ་༩ཚེས་༢༥ཉིན་རྔ་པ་ཁུལ་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ནག་ཉེས་དེའི་འོག་ལོ་བཞིའི་བཙོན་དུས་ཁྲིམས་ཐག་བཅད་ཡོད་པ་རེད།

ཡང་གནས་ཚུལ་མཁོ་སྤྲོད་པ་དེས་གནས་ཚུལ་ངོ་སྤྲོད་གནང་པར་གཞིགས་ན་ ཕྱི་ལོ་༢༠༠༨ཀྱི་ཞི་རྒོལ་ཆེན་མོའི་རྗེས་སུ་དོན་ཁོ་རྒྱག་པ་སོགས་འཛིན་བཟུང་བྱེད་པའི་བརྡ་ཁྱབ་ཡི་གེ་ས་གནས་གང་སར་སྦྱར་ནའང་འཛིན་བཟུང་བྱེད་ཐུབ་མེད་ཀྱང་ ལོ་དེའི་ལོ་མཇུག་ཏུ་དོན་ཁོ་རྒྱབ་པ་མགོ་བཏགས་ཞུས་པར་བརྟེན་ ཟླ་བ་གཅིག་ལྷག་རིང་བཀག་ཉར་བྱས་རྗེས་རྒྱ་མིའི་སྒོ་མོ་ཆིག་ཁྲི་ལྔ་སྟོང་གི་ཉེས་ཆད་བཏང་སྟེ་གློད་འགྲོལ་བཏང་ཡོད་འདུག། འོན་ཀྱང་༢༠༠༩ཟླ་༤ཚེས་༩འི་མཚན་མོ་སླར་ཡང་དོན་ཁོ་དང་ ཁོང་གི་བཟའ་ཟླ་བསོད་ལྷ་གཉིས་ཀ་རང་ཁྱིམ་ནས་གློ་བུར་དུ་འཛིན་བཟུང་བཀག་ཉར་བྱས་ཅིང་ ཟླ་བ་ལྔ་ཙམ་རྗེས་གཟའ་ཟླ་བསོད་ལྷ་གློད་གྲོལ་བཏང་ཞིང་ཁོ་པ་མུ་འཐུད་འཛིན་བཟུང་བཀག་ཉར་འོག་བཞག་པར་མ་ཟད་ ལོ་གཅིག་ཙམ་རིང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མིན་གྱི་གནས་ཚུལ་ཡང་གསལ་རྟོགས་བྱུང་མེད་པ་རེད་འདུག།

དོན་ཁོ་རྒྱག་པ་ལགས་ནི་སློབ་ཆུང་ཙམ་ལས་འགྲིམ་མེད་ཅིང་ཚོང་ལས་ལ་བརྟེན་ནས་འཚོ་བ་བསྐྱེལ་མཁན་ཞིག་ཡིན་འདུག།