ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞིའི་ཐད་གྲོས་ཚོཊ་སུ་ཕུལ་བའི་སྙན་ཐོ།
2019.03.26
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་གསར་པ་ལག་བསྟར་ཐད་སྙན་ཐོ་བཏོན་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གིས་ཨ་མི་རི་ཀའི་མི་སེར་བོད་ནང་མ་བཏང་བར་བཀག་བསྡོམས་བྱེད་བཞིན་པའི་གནས་སྟངས་དེ་མཇུག་སྒྲིལ་ཐུབ་ཐབས་སུ་འབད་བརྩོན་ནན་པོ་གནང་རྒྱུ་ཡིན་པ་ཨ་རིའི་གྲོས་ཚོགས་སུ་ཕུལ་བའི་སྙན་ཐོའི་ནང་གསལ་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་གྱིས་ཁྲིམས་འཆར་དེར་མཚན་རྟགས་བཀོད་ནས་གཞུང་གི་ལག་བསྟར་ཁྲིམས་ཡིག་ཏུ་གྱུར་ནས་ཉིན་གྲངས་ ༩༠ ལོན་པའི་མཚམས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་སུ་ལས་དོན་སྙན་ཐོ་འབུལ་དགོས་པ་ལྟར། ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྲོས་ཚོགས་སུ་ཕུལ་བའི་སྙན་ཐོ་ཕྱི་ཚེས་ ༢༥ ཉིན་ཡོངས་གྲགས་གནང་པ་དེའི་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ལོར་ཨ་རིའི་གཞུང་དང་འབྲེལ་ཡོད་དཔོན་རིཊ་ཚོར་བོད་ནང་བསྐྱོད་རྒྱུའི་མཐོང་མཆན་སྤྲད་མེད་པ་དང་། གསར་འགོད་པ་ཉུང་ཤས་ཤིག་ལ་མ་གཏོགས་བོད་ནང་བསྐྱོད་རྒྱུར་ཆོག་ཆན་མ་སྤྲད་པ། པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་བོད་དུ་ཕེབས་རྒྱུར་ཐོག་མར་མོས་མཐུན་བྱས་རྗེས། ཁོང་གི་ཕེབས་སྒྲིག་ཞུ་རྒྱུར་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་པ་དོ་དམ་སྟངས་འཛིན་ནན་པོའི་འོག་བོད་དུ་བསྐྱོད་ཆོག་པ་བཟོས་ཀྱང་། གློ་བུར་ཨ་རིའི་གཞུང་ཚབ་པ་བོད་དུ་ཕེབས་རྒྱུ་རྒྱ་ནག་གཞུང་ཕྱོགས་ནས་ཕྱི་བཤོལ་ཐེངས་གཉིས་ཙམ་བྱས་ལུགས་སོགས་བཀོད་ཡོདཔ་རེད། དེ་བཞིན་གསར་འགོད་པ་རེ་བཟུང་ལ་བོད་དུ་འགྲོ་བསྐྱོད་ཆོག་པའི་ཆོག་ཆན་སྤྲད་ཀྱང་། ཁོང་ཚོའི་ཐོག་ལྟ་སྲུང་ནན་པོ་བྱས་པའི་ཁར་ས་གནས་ཀྱི་བོད་མི་དང་གང་བྱུང་ཐུག་འཕྲད་བྱས་བཅུག་མེད་པ་གསལ་སྟོན་བྱས་ཡོད་པ་རེད།
དེ་བཞིན་ཨ་རིའི་མི་སེར་ལ་རྒྱ་ནག་ཏུ་བསྐྱོད་ཆོག་པའི་མཐོང་མཆན་ཡོད་བཞིན་དུ་རྒྱ་ནག་ནང་འཛུལ་བསྐྱོད་མ་ཆོག་པ་བཟོས་པ་དང་། ལྷག་པར་དུ་ཨ་རིའི་མི་སེར་ཡིན་པའི་བོད་རིགས་ཚོས་ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་སོགས་ནས་རྒྱ་ནག་ཏུ་བསྐྱོད་རྒྱུའི་མཐོང་མཆན་ཞུ་སྐབས་ཨ་མི་རི་ཀའི་མི་སེར་གཞན་ལྟར་མ་ཡིན་པར་བོད་མི་ཚོར་དམིགས་བསལ་དཀའ་ཁག་བཟོ་བཞིན་ཡོད་པ་ཡང་བཀོད་འདུག
ཕྱི་ལོ་༢༠༡༨ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༩ཉིན་གཏན་འབེབས་གནང་བའི་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཞི་(Reciprocal Access to
Tibet)ཞེས་པ་དེ་ནི་བོད་དམིགས་བཀར་གྱིས་བཞག་པའི་ཨ་རིའི་ཁྲིམས་ཡིག་ཐོག་མ་དེ་ཡིན་ཞིང་། ཁྲིམས་ཡིག་དེའི་ཐོག་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་འགྲོ་བསྐྱོད་ཀྱི་མཐོང་ཆན་སྤྲོད་རྒྱུར་དམ་དྲག་བྱེད་མཁན་རྒྱ་མིའི་དཔོན་རིཊ་ཚོ་ཨ་རིའི་ནང་ཡོང་རྒྱུར་དམ་དྲག་བྱེད་དགོས་ཀྱི་ཡོད་ཅིང་། ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོའི་ནང་ཕྱི་ལོ་༢༠༡༩ལོ་མཇུག་ཏུ་མི་སྣ་དེ་དག་གི་མིང་ཐོ་ཞིག་ཨ་རིའི་གྲོས་ཚོགས་སུ་འབུལ་དགོས་རྒྱུ་ཡིན་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་མ་ཏའོ་མེ་ཀཱ་ཅི་(Matteo Mecacci) ཡིས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཞི་ལག་བསྟར་གནང་སྟེ། ཨ་རིའི་མི་སེར་བོད་ནང་འགྲོ་འོང་གི་རང་དབང་ལ་དམ་དྲག་མི་ཡོང་བའི་གདོང་ལེན་གནང་དགོས་ཀྱི་ཡོད་པ་གསལ་པོ་བཟོས་གནང་བ་རེད་ཅེས་འགྲེལ་བརྗོད་གནང་འདུག