རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁས་ལེན་མ་འགྲུབ་པ།

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུའི་ཁས་ལེན་བྱས་པ་ཁག་ལག་ལེན་དུ་འཁེལ་མེད་པ་རེད།
2008-07-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་ལ་ཨོ་ལིམ་པིག་གི་མགྲོན་བདག་ཡུལ་གྲུའི་གནས་བབ་སྤྲད་སྐབས་ འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུའི་ཁས་ལེན་བྱས་པ་ཁག་ལག་ལེན་དུ་འཁེལ་མེད་པར་མ་ཟད་ ད་དུང་འདས་པའི་ལོ་བདུན་རིང་རྒྱ་ནག་གི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྡུག་ཏུ་ཕྱིན་ཡོད་པའི་སྐོར་གྱི་སྙན་ཐོ་ཞིག་ ཧོང་ཀོང་ནས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གཟའ་མིག་དམར་ཉིན་འདོན་སྤེལ་བྱས་ཡོད་པ་རེད་

ཨོ་ལིམ་པིག་གི་སྒོ་དབྱེའི་མཛད་སྒོ་ཚུགས་རྒྱུར་གཟའ་འཁོར་གཅིག་ཙམ་ལས་མེད་པའི་སྔ་ནུབ་ཏུ་ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ ཨོ་ལིམ་པིག་ཚུགས་ལ་ཉེ་ཞིང་ ཞིག་རལ་དུ་ཕྱིན་པའི་ཁས་ལེན་ཞེས་མིང་སྦྱང་དུ་འཁོད་པའི་སྙན་ཐོ་ཞིག་བཏོན་ཡོད་ཅིང་ དེའི་ནང་ རྒྱ་ནག་གཞུང་གི་འགོ་འཁྲིད་ཚོས་ ཨོ་ལིམ་པིག་རྩེད་འགྲན་གྱི་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་མུ་མཐུད་གཏོང་རྒྱུ་དང་ དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་སུ་བེད་སྤྱོད་བྱེད་བཞིན་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་དང་ ལྷག་པར་དུ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ རྒྱ་ནག་གཞུང་གིས་དམིགས་བསལ་ གཞུང་དང་ལྟ་བ་མི་མཐུན་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ གསར་འགོད་པ་ དེ་བཞིན་ཁྲིམས་རྩོད་པ་སོགས་ཀྱི་ཐོག་དམིགས་བསལ་སྡང་ཟུག་བྱས་སྟེ་ ཁོང་ཚོ་འཇམ་ཐིང་དུ་གཏོང་ཐབས་ཀྱི་ལས་འགུལ་བརྩམས་བཞིན་ཡོད་པ་བརྗོད་ཡོད་པ་རེད་

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ རྒྱ་ནག་ནང་གི་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་འགྲོལ་གཏོང་དགོས་པའི་དགོས་འདུན་བཏོན་པར་མ་ཟད་ རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་ དྲག་རྩུབ་དང་ཁྲིམས་གཅོད་ཀྱི་རྣམ་པ་ཤུགས་ཆེ་ལྡན་པའི་མགྲོན་བདག་ཡུལ་གྲུ་རྒྱ་ནག་གི་ཐོག་གནོན་ཤུགས་ཆེ་ཙམ་སྤྲོད་རྒྱུར་འབད་བརྩོན་མ་བྱས་པའི་ཐད་ལ་ཡང་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད་

ད་དུང་སྙན་ཐོ་དེའི་ནང་ འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་ས་ཁུལ་གང་སར་ངོ་རྒོལ་སྒེར་ལངས་ཀྱི་གནས་ཚུལ་བྱུང་མ་ཐག་ རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་པ་དང་ གསར་འགོད་པ་ཡོངས་རྫོགས་ཕྱིར་འབུད་བྱས་པ་ དེ་བཞིན་ཉེས་མེད་མི་དམངས་ཚོར་ཁྲིམས་བཤེར་མེད་པའི་ཐོག་ནས་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་ཁག་གསལ་བཏོན་བྱས་པ་དང་དུས་མཚུངས་ ཕྱི་རྒྱལ་གྱི་གསར་འགོད་པ་ཕྱིར་འབུད་བྱས་སྟེ་ ས་ཁུལ་དེ་དག་ཕྱི་ཕྱོགས་སུ་ཡོངས་སུ་སྒོ་མོ་བརྒྱབ་པ་དེ་ནི་ རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གོང་གསར་འགོད་ཀྱི་རང་དབང་སྤྲོད་རྒྱུའི་ཁས་ལེན་བྱས་པ་དེ་དང་ཡོངས་སུ་འགལ་འཛོལ་དུ་བཏང་པའི་བྱ་སྤྱོད་ཞིག་ཡིན་པའི་སྐྱོན་འཛུགས་ཀྱང་བྱས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།