ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་ཞིག་གིས་ཨ་རིའི་སྲིད་འཛིན་མཆོག་ལ་༧གོང་ས་མཆོག་དང་མཇལ་འཕྲད་གནང་དགོས་བའི་སྐུལ་མ་ཞུས་གནང་འདུག
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་(Michael McCaul)་ཡིས་ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་ལ་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རིའི་ནང་བཞུགས་རྒྱུན་རིང་མཇལ་འཕྲད་ཞུ་གནང་རྒྱུའི་སྐུལ་མ་ཞུས་གནང་ཡོད་པ་གྲོས་ཚོགས་འཐུས་མི་ཁོང་གིས་ཨ་མི་རི་ཀའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གཞུང་འབྲེལ་(x)་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཕྱི་ཟླ་༦པའི་ཚེས་༢༦ཉིན་གནས་ཚུལ་སྤེལ་འདུག དེའི་ནང་ངས་གཟའ་འཁོར་སྔོན་མ་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པ་བཞིན་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་གིས་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རིའི་ནང་བཞུགས་པའི་རིང་མཇལ་འཕྲད་ཞུ་རྒྱུ་སྐུལ་མ་ཞུ་བཞིན་ཡོད་ཅེས་དང་། ད་དུང་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་གདུག་རྩུབ་ཅན་གྱི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་གིས་ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་བོད་མིའི་ཞི་བདེ་དང་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་གནང་དགོས་པ་རེད་ཅེས་འབོད་སྐུལ་གནང་ཡོད་པ་བཀོད་འདུག
གྲོས་ཚོགས་འཐུས་མི་སྐུ་ཞབས་(Michael McCaul)་ཁོང་ནི་ཤུགས་རྐྱེན་ཆེ་བའི་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པ་དང་། སྤྱི་ལོ་༢༠༢༤ལོའི་ཕྱི་ཟླ་༦པའི་ཚེས་༡༩ཉིན་ཁོང་གིས་སྣེ་ཁྲིད་པའི་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་སྟེ། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གཏན་འབེབས་ཟིན་པའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་ཡོད་པ་མ་ཟད། ཁྲིམས་འཆར་དེར་རིང་མིན་ཨ་མི་རི་ཀའི་སྲིད་འཛིན་གྱིས་མཚན་རྟགས་སྐྱོན་རྒྱུ་རེད་ཅེས་ཞུས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ལ་ད་ཐེངས་ཨ་རིའི་སྲིད་འཛིན་(Joe Biden)་དང་༧གོང་ས་མཆོག་བར་མཇལ་འཕྲད་གནང་མིན་ཐད་བཀའ་འདྲི་ཞུས་སྐབས་སུ། ཨ་མི་རི་ཀའི་དཔོན་རིགས་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གཙོས་པའི་གུས་བཀུར་དང་བརྩི་མཐོང་ཞུ་འོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་བར་མཇལ་འཕྲད་ཞུ་རྒྱུའི་ལམ་སྲོལ་ཞིག་ཡོད་ནའང་། ད་ལྟའི་ཆར་དེའི་ཐད་གཏན་འཁེལ་ཐུབ་པའི་སྐད་ཆ་གང་ཡང་ཞུ་རྒྱུ་མེད་ཅེས་ཡིག་ཐོག་ལན་འདེབས་གནང་བྱུང་།
སྤྱི་ལོ་༢༠༢༠་ལོའི་ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་སྤེལ་བཞིན་པའི་སྐབས། སྐུ་ཞབས་(Joe Biden)་ཡིས་ཨ་མི་རི་ཀའི་ཕྱི་སྲིད་སྲིད་བྱུས་གྱི་ཕྱོགས་ལ་རིན་ཐང་ལྡན་པའི་ཞབས་འདེབས་ཞུ་རྒྱུའི་ཆ་ཤས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པ་ཁས་ལེན་གནང་ཡོད་ཀྱང་ད་བར་དུ་ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་དང་༧གོང་ས་མཆོག་བར་མཇལ་འཕྲད་བྱུང་མེད།
བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཨ་མི་རི་ཀའི་ཁུལ་དུ་གཙོ་བོ་ཞབས་པུས་སྨན་བཅོས་མ་གཏོགས། ད་ལྟའི་ཆར་དམིགས་བསལ་མཛད་འཆར་རིགས་གང་ཡང་མེད་པ་དང་། རིམ་བཞིན་༧སྐུའི་འཕྲོད་བཞེས་ཀྱི་སྨན་བཅོས་ཡོངས་སུ་གྲུབ་རྗེས་དམིགས་བསལ་མཛད་རིམ་ཡོད་ན་གསལ་བསྒྲགས་གནང་རྒྱུ་ཡིན་ཞེས་གསལ་སྟོན་གནང་འདུག་ལ། ད་དུང་ཨ་རི་གཞུང་གི་ངོས་ནས་༧གོང་ས་མཆོག་ལ་སྔར་བཞིན་སྣེ་ལེན་དང་སྐུའི་སྲུང་བྱའི་མཐུན་རྐྱེན་སོགས་ཧ་ཅང་ཡག་པོ་གནང་བཞིན་པ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།