ཨ་རིའི་སྲིད་འཛིན་གྱིས་སྣེ་ཁྲིད་པའི་སྲིད་དབང་སྒེར་གཅོད་འགོག་ཐབས་དང་དམངས་གཙོའི་ཆེས་མཐོའི་ལྷན་ཚོགས།

2021.12.09
Share on WhatsApp
Share on WhatsApp
ཨ་རིའི་སྲིད་འཛིན་གྱིས་སྣེ་ཁྲིད་པའི་སྲིད་དབང་སྒེར་གཅོད་འགོག་ཐབས་དང་དམངས་གཙོའི་ཆེས་མཐོའི་ལྷན་ཚོགས། ཨ་རིའི་སྲིད་འཛིན་གྱིས་སྣེ་ཁྲིད་པའི་སྲིད་དབང་སྒེར་གཅོད་འགོག་ཐབས་ཀྱི་དམངས་གཙོའི་ཆེས་མཐོའི་ལྷན་ཚོགས་ཐོག ༡༢།༩།༢༠༢༡
AP

འདི་ཚེས་༩་ཉིན་ཨ་རིའི་སྲིད་འཛིན་མཆོག་དབུ་བཞུགས་ཐོག་དྲ་ལམ་བརྒྱུད་ཆེས་ཐོག་མའི་དམངས་གཙོའི་ཆེས་མཐོའི་ལྷན་ཚོགས་ཚོགས་བཞིན་པའི་སྟེང་། སྲིད་འཛིན་སྦཡེ་ཌེན་(Biden)་གྱིས་དེང་གི་འཛམ་གླིང་འདིའི་ནང་མི་གཅིག་དབང་འཛིན་རིང་ལུགས་རྒྱ་ཆེར་འགྲོ་བཞིན་པ་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་མེད་རྡོག་རོལ་གཏོང་མཁན་མང་དུ་འགྲོ་བཞིན་པར་བརྟེན་དམངས་གཙོ་དང་དམངས་གཙོའི་རང་དབང་གོང་སྤེལ་གང་ཡོང་གཏོང་དགོས་པའི་སྐུལ་མ་གནང་འདུག
ཨ་རིའི་སྲིད་འཛིན་མཆོག་གིས་སྣེ་ཁྲིད་དང་སྲིད་འཛིན་གྱི་ཕོ་བྲང་ནས་གོ་སྒྲིག་བྱས་བའི་དམངས་གཙོའི་ཆེས་མཐོའི་ལྷན་ཚོགས་ཞེས་པ་ཉིན་གཉིས་རིང་ཚོགས་བཞིན་པའི་སྟེང་རྒྱལ་ཁབ་བརྒྱ་དང་བཅུ་ལྷག་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། དམངས་གཙོ་དོན་གཉེར་བ་དང་ཆེད་མཁས་པ། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་སོགས་མཉམ་ཞུགས་གནང་ཡོད་པའི་ཁོངས་སུ་ཐེ་ཝན་ཡང་མཉམ་ཞུགས་གནང་ཡོད་ཀྱང་། རྒྱ་ནག་དང་ཨུ་རུ་སུ་གཉིས་མགྲོན་འབོད་བྱས་མེད་པ་རེད།
ཨེ་པི་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ལྷན་ཚོགས་དབུ་འབྱེད་ཀྱི་ཉིན་དང་པོ་དང་གཉིས་པ་གཉིས་ཀར་ཨ་རིའི་སྲིད་འཛིན་(Biden)་གྱིས་གཏམ་བཤད་གནང་རྒྱུ་ཡིན་པ་དང་། སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མགྲིན་ཚབ་མ་(Karine Jean-Pierre)་ལགས་ཀྱིས་གསུངས་ན། དམངས་གཙོའི་ལྷན་ཚོགས་སྟེང་མཉམ་ཞུགས་གནང་མཁན་ཚོགས་མི་རྣམས་ལ་སྲིད་འཛིན་མཆོག་ནས་རྒྱལ་སྤྱིའི་ས་ཕྱོགས་གང་སར་དམངས་གཙོ་ཉམས་ཉེས་སུ་འགྲོ་བཞིན་པའི་གནས་སྟངས་ལ་ཐུན་མོང་གི་གདོང་ལེན་བྱ་གལ་ཆེ་བའི་སྐོར་སྐུལ་མ་གནང་རྒྱུ་ཡིན་འདུག
ལྷན་ཚོགས་འདི་དང་འབྲེལ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ད་ཐེངས་ཀྱི་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་སྐོར་བགྲོ་གླེང་ཡོང་མིན་དྲིས་བར། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཡིག་ཐོག་ལན་འདེབས་གནང་བའི་ནང་། ཨ་མི་རི་ཀའི་སྦཡེ་ཌེན་སྲིད་གཞུང་གིས་བོད་ཀྱི་གནད་དོན་དེ་བཞིན་གལ་གནད་ཆེ་བའི་གྲས་སུ་བརྩི་བཞིན་ཡོད། དེ་བས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེར་འགན་འཁྲི་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་འགན་ལེན་བྱེད་དུ་འཇུག་རྒྱུར་ཨ་མི་རི་ཀ་གཞུང་གིས་ཐབས་ཤེས་ཡོད་ཚད་བེད་སྤྱོད་གནང་རྒྱུར་བསམ་གཞིགས་བྱེད་ཀྱི་ཡོད་པ་བཀོད་འདུག
སྤྱི་ཡོངས་ནས་ད་རེས་ཀྱི་དམངས་གཙོའི་ལྷན་ཚོགས་ཐོག་མི་གཅིག་དབང་འཛིན་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་པ། ལྐོག་ཟ་རུལ་སུངས་བཅས་ལ་གདོང་ལེན་ཁ་གཏད་གཅོག་རྒྱུ་དང་། དེ་བཞིན་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་བཅས་ཀྱི་སྐོར་གྲོས་བསྡུར་བགྲོ་གླེང་གནང་རྒྱུ་ཡིན་པ་རེད་འདུག
འོན་ཀྱང་རྒྱ་ནག་དང་ཨུ་རུ་སུ་གཙོས་དམངས་གཙོ་མེད་པའི་རྒྱལ་ཁབ་དང་། ལྷན་ཚོགས་འདིར་མཉམ་ཞུགས་བྱས་མེད་པའི་རྒྱལ་ཁབ་ཁག་ཅིག་གིས་དམངས་གཙོའི་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་དང་ལྷན་ཚོགས་སུ་མཉམ་ཞུགས་པ་གདན་ཞུ་གནང་སྟངས་ཐད་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ལྕམ་ནེན་སི་པེ་ལོ་སིའི་འཚམས་གཟིགས་ལ་དགའ་བསུ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།