གསེར་རྟ་བླ་རུང་ཆོས་སྒར་ལ་མེ་སྐྱོན་བྱུང་འདུག


2014.01.09
མེ་སྐྱོན་བྱུང་སྐབས་ཀྱི་གསེར་རྟ་བླ་རུང་ཆོས་སྒར། གསེར་རྟ་བླ་རུང་སྒར་ལ་མེ་སྐྱོན་བྱུང་འདུག
པར། ཨེ་ཤ་ཡ་རང་དབང་རླུང་འཕྲིན། བོད་འབྱོར།

གསེར་རྟ་བླ་རུང་དགོན་པའི་བཙུན་མའི་གླིང་དུ་མེ་སྐྱོན་བྱུང་ནས་བཙུན་མའི་བཞུགས་ཤག་མང་པོ་འཚིགས་ཡོད་འདུག
འདི་ག་རླུང་འཕྲིན་ཁང་གིས་ས་གནས་སུ་ཁ་པར་བཏང་ནས་གནས་ཚུལ་རྩད་ཆོད་བྱུང་བ་ལྟར་ན། དེ་རིང་སྤྱི་ཚེས་༩ཉིན་གྱི་དགོང་མོའི་བོད་ནང་གི་ཆུ་ཚོད་བརྒྱད་པ་ཙམ་ལ་གསེར་རྟ་བླ་རུང་ཆོས་སྒར་གྱི་སྒྱུ་འཕྲུལ་ལྷ་ཁང་དང་བཙུན་མའི་འདུ་ཁང་གི་བར་ངོས་ཀྱི་བཙུན་མའི་གླིང་ལ་གློ་བུར་མེ་སྐྱོན་ཆེན་པོ་ཞིག་བྱུང་ནས་བཙུན་མའི་གླིང་གི་བཞུགས་ཤག་མང་པོ་མེ་འཚིགས་ཡོད་པ་རེད། ས་གནས་ནས་བོད་མི་ཞིག་གིས་བརྗོད་དོན། མེ་སྐྱོན་བྱུང་མ་ཐག་ཆོས་སྒར་གྱི་གྲྭ་བཙུན་དང་། ས་གནས་མང་ཚོགས་ཚོས་མེ་གསོད་ཐབས་བྱས་ཡོད་ཀྱང་། ཤིང་ཁང་ལས་གྲུབ་པའི་བཙུན་མའི་བཞུགས་ཤག་ཁག་མཉམ་འདུས་སུ་གནས་ཡོད་པ་དང་། ས་གནས་སུ་ཆུ་དཀོན་པ། ལྷག་པར་དགུན་དུས་མཚན་མོའི་རླུང་གི་རྒྱུ་ཕྱོགས་བཅས་ལ་བརྟེན་ནས་དུས་ཐོག་མེ་གསོད་མ་ཐུབ་པར། ཚོད་དཔག་བྱས་ན་བཞུགས་ཤག་ཁང་པ་བརྒྱ་ལ་ཉེ་བ་མེར་འཚིགས་འདུག རྗེས་རྒྱ་ནག་གི་དམག་མི་མི་ཉུང་བ་དང་། མེ་གསོད་རུ་ཁག་གི་རླངས་འཁོར་གཉིས་ཙམ་འབྱོར་ནས་མེ་གསོད་རོགས་བྱས་ཡོད་པ་དང་། རིམ་པས་མེ་སྐྱོན་བྱུང་ས་མང་ཆེ་བ་ནས་མེ་གསོད་ཐུབ་པ་བྱུང་ཡོད་ཀྱང་ད་དུང་ཡོངས་སུ་མེ་གསོད་པ་བྱུང་མི་འདུག་པས་ཚང་མས་མཉམ་དུ་མེ་གསོད་ཐབས་ལ་འབད་བཞིན་འདུག་ཟེར། ཡང་མེ་སྐྱོན་བྱུང་དོན་སྐོར་འདྲི་སྐབས། དེ་ནི་རྒྱ་རིགས་བཙུན་མ་ཞིག་གིས་མཆོད་མེ་སྤར་བ་ལས་མེ་སྐྱོན་བྱུང་བའི་བཤད་ཚུལ་ཙམ་ལས་གསལ་བོ་གང་ཡང་མེད་པ་སོགས་ངོ་སྤྲོད་བྱས་བྱུང་། དེ་ལྟར་དོན་དངོས་ད་ཐེངས་བླ་རུང་སྒར་གྱི་མེ་སྐྱོན་ཁྲོད་གོད་ཆགས་ག་ཚོད་བྱུང་ཡོད་མེད་གནས་སྐབས་ཁ་གསལ་མེད་ཀྱང་། མི་ལ་ཤི་སྐྱོན་དང་རྨས་སྐྱོན་ཕོག་མེད་པ་གཤད་བཞིན་པ་རེད།
ལོ་སྔོན་མའི་ཟླ་༡༡པའི་ནང་ཡང་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ལ་མེ་སྐྱོན་བྱུང་ནས། རྟེན་དང་བརྟེན་པ་མི་ཉུང་བར་གནོད་སྐྱོན་ཚབས་ཆེ་ཕོག་པ་རེད། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནི་དེ་སྔོན་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཕྱག་བཏབས་གནང་བ་དང་། ད་ལྟ་བོད་ནང་གི་གཞི་ཁྱོན་ཆེ་བ་གྲ་བཙུན་མང་བའི་ཆོས་སྒར་ཞིག་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎