རྒྱ་ནག་གཞུང་གི་སྲིད་ཇུས་འདྲ་མིན་འོག་བོད་མི་རིགས་ཀྱི་སྲོལ་རྒྱུན་ཁག་ཉམས་ཆག་གི་ཉེན་ཁ་ཡོད་པའི་གནས་ཚུལ་སྤེལ་འདུག

2021.06.24
རྒྱ་ནག་གཞུང་གི་སྲིད་ཇུས་འདྲ་མིན་འོག་བོད་མི་རིགས་ཀྱི་སྲོལ་རྒྱུན་ཁག་ཉམས་ཆག་གི་ཉེན་ཁ་ཡོད་པའི་གནས་ཚུལ་སྤེལ་འདུག ཉིང་ཁྲི་ཕྱོགས་ཀྱི་བོད་ཀྱི་ཁྱིམ་ཚང་ཞིག་གི་ནང་། ༦།༤།༢༡
AP

རྒྱ་ནག་གཞུང་གིས་བོད་ཐོག་བཙན་དབང་བྱེད་མུས་དང་ཁ་པར་དྲ་རྒྱ་སོགས་དེང་དུས་ཀྱི་འཚོ་བ་རོལ་སྟངས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཁག་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པའི་གནས་ཚུལ་སྤེལ་འདུག
བོད་ཀྱི་རྒྱལ་ས་ལྷ་ས་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་དེ་བཞིན་གངས་རི་དང་། དགོན་པ། ལྷ་ཁང་སོགས་མང་པོ་ཡོད་པ་དང་། རླུང་རྟ་དར་ལྕོག་འདྲ་མིན་ཧི་མ་ལ་ཡའི་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་སྣང་ཚུལ་ཡོད་པ་དེ་དག་གི་རྨང་གཞི་ཁག་ད་སྐབས་ཡོད་རུང་། དེ་དག་ཡུན་བརྟན་མེད་པའི་མཐོང་ཚུལ་ཡོད་པ་དང་། བོད་དེ་བཞིན་རྒྱ་གར་གྱི་དཔལ་ནཱ་ལེན་དྲ་ནས་མཆེད་པའི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་གིས་ཕྱུག་པའི་ས་གནས་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་རུང་། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་མཁྲེགས་པོ་འཛིན་པའི་ཆབ་སྲིད་ཀྱི་བཙན་གནོན་འོག་བོད་དེ་བཞིན་རྒྱ་མིའི་ཁྱད་ཆོས་ལྡན་པའི་ཡུལ་ཞིག་ཏུ་བསྒྱུར་ཐབས་བྱེད་མུས་ཀྱི་རྐྱེན་པས། བོད་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་སྲོལ་རྒྱུན་རིག་གཞུང་ཁག་ཉམས་རྒུད་ཚབས་ཆེ་འགྲོ་བཞིན་ཡོད་པ་དང་། དེའི་ཐོག་ལག་ཁྱེར་ཁ་པར་དང་དྲ་རྒྱ་བརྒྱུད་ནས་ཚོང་འབྲེལ་བྱ་རྒྱུ་ཡོད་པ་དང་། དེ་བཞིན་མཐོ་རིམ་ཤེས་ཡོན་དང་འཕྲོད་བསྟེན་ཡར་རྒྱས་ཕྱིན་པ་སོགས་ཀྱི་དེང་དུས་ཀྱི་འཚོ་བ་རོལ་སྟངས་ཀྱི་རྐྱེན་པས་བོད་ཀྱི་སྲོལ་རྒྱུན་ལམ་སྲོལ་ཁག་ཉམས་ཆག་འགྲོ་བའི་ཉེན་ཁ་བཟོ་བཞིན་པ་མ་ཟད། སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་ཀྱི་མེད་པས་བོད་ཀྱི་སྐད་ཡིག་རིག་གཞུང་ཉམས་རྒུད་འགྲོ་བཞིན་ཡོད་པའི་མཐོང་ཚུལ་བྱུང་བའི་གནས་ཚུལ་སྤེལ་འདུག
ཡང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ལ་སོ་ལྟའི་པར་ཆས་བཙུགས་ནས་བོད་མིའི་སྤྱི་ཚོགས་ཁྲོད་རྒྱ་ནག་དམར་ཤོག་གི་ཆབ་སྲིད་ཀྱི་ལྟ་བ་བཙན་བཀེལ་བྱེད་མུས་ཡིན་པ་དང་། རྒྱ་ཧན་མི་རིགས་ཚོ་བོད་ཀྱི་ས་མཐོར་ཡོང་བར་སྲོག་འཛིན་རླུང་སོགས་བེད་སྤྱོད་བྱེད་དགོས་མིན་ལ་མ་བལྟོས་པར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ཧན་མི་རིགས་མང་པོ་ཡོང་བཞིན་པས་ཀྱང་རྒྱལ་སའི་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏཱ་ལ་སོགས་གནའ་བོའི་རིག་གནས་ཀྱི་ཤུལ་བཞག་ཁག་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་པ་ཡང་བཀོད་འདུག

tibet3.jpeg
རྒྱ་ནག་གཞུང་གིས་བོད་ནང་ཕྱི་ལོ་༡༩༥༠་ང་གྲངས་ནས་དྲག་པོའི་བཙན་འཛུལ་བྱེད་འགོ་བཙུགས་ནས་བོད་ཞི་བའི་བཅིངས་གྲོལ་བཏང་ཚུལ་དང་། དེང་སྐབས་བོད་ནང་ཡར་རྒྱས་བཏང་ཚུལ་སོགས་དྲིལ་བསྒྲགས་བྱེད་མུས་ཡིན་རུང་། རྒྱ་ནག་གཞུང་གིས་བོད་ནང་གི་གཏེར་ཁ་སྔོག་འདོན་ཤུགས་ཆེ་བྱས་དང་བྱེད་མུས་དང་། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་གཏོང་བཞིན་པ། རྒྱ་ཧན་མི་རིགས་མང་པོ་བོད་ནང་ཡོང་བཞིན་པར་བརྟེན་ནས་རྒྱ་ནག་གིས་བོད་ནང་ཡར་རྒྱས་བཏང་བ་ལས་གནོད་སྐྱོན་མང་བ་བཏང་དང་གཏོང་མུས་ཡིན་པ་རེད།
ཡང་ཨེ་པི་གསར་འགོད་པ་བོད་ནང་རྒྱ་གཞུང་གི་གོ་སྒྲིག་འོག་བསྐྱོད་སྐབས། རྒྱ་ནག་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མེ་འཁོར་ལྕགས་ལམ་བསྐྲུན་པ་དང་། བོད་ཀྱི་སློབ་གྲྭ་ཁག་ནང་སྲིད་འཛིན་ཞི་ཅིང་ཕིང་གི་འདྲ་པར་འོག་རྒྱ་ཡིག་སློབ་བཞིན་པ་སོགས་ཀྱི་གནས་ཚུལ་དངོས་མཐོང་བྱུང་བ་ཁག་བཀོད་འདུག

tibet2.jpeg

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎