ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུགས་ལ་བཅོས་བསྒྱུར།
2012.08.15
རྒྱ་ནག་གི་པེ་ཅིན་དང་། གོང་ཏུང་། ཧའ་ནན་། ཧུའུ་ནན་། ཧྲན་ཏུང་སོགས་ཞིང་ཆེན་བཅུ་ནང་གནས་སྡོད་་གནང་མཁན་གྱི་ཁྲིམས་རྩོད་པ་བཅུས་ཁ་ས་གཟའ་མིག་དམར་ཉིན་རྒྱ་ནག་ཁྲིམས་ཞིབ་ལས་ཁང་དང་། ཉེན་རྟོག་ལས་ཁང་ལ་ཡོངས་ཁྱབ་ཡི་གེ་བཏང་ནས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། ཡོངས་ཁྱབ་འབོད་སྐུལ་ཡི་གེ་དེ་བཞིན་རྒྱ་ནག་མི་མང་ཉིན་རེའི་ཚགས་ཤོག་གི་དྲ་གནས་ཐོག་བཏོན་ཡོད་ཅིང་། ཡོངས་ཁྱབ་ཡི་གེ་འབྲི་རྒྱུའི་བསམ་ཚུལ་ཐོག་མ་བཏོན་མཁན་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལིའི་ཕང་བིང་གིས་གསུང་ན། ད་རེས་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་པའི་འབོད ་སྐུལ་ཡི་གེ་དེ་བཞིན་རྒྱ་ནག་གཞུང་འབྲེིལ་མི་མང་ཉིན་རེའི་ཚགས་ཤོག་གི་དྲ་གནས་ཐོག་བཏོན་པ་དེའི་ཐོག་ནས་རྒྱ་ནག་གཞུང་གིས་ཀྱང་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ལ་བསྒྱུར་བཅོས་བྱ་རྒྱུར་ངོས་ལེན་བྱེད་ཀྱི་ཡོད་པ་ཞིག་མཚོན་ཐུབ་རྒྱུ་ཡིན་པ་གསུང་འདུག་ གོང་ཞུས་ཁྲིམས་རྩོད་པ་བཅུ་པོ་དེས་ཐུན་མོང་གིས་བྲིས་གནང་བའི་ཡི་གེ་དེའི་ནང་ད་ལྟའི་རྒྱ་ནག་ནང་འཛིན་བཞིན་པའི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུགས་དེའི་ནང་དོན་ཚན་མང་པོ་ཞིག་དོན་དངོས་དང་མཐུན་གྱི་མེད་པ་མ་ཟད། ངལ་རྩོལ་བསྒྱུར་བཀོད་དུ་གཏོང་རྒྱུར་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཡང་ཕྱི་བསྒྲགས་མེད་པར་གསང་བའི་ཐོག་ནས་བྱེད་ཀྱི་ཡོད་པའི་གནས་སྟངས་མང་པོ་ཞིག་གི་ཐོག་ནས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུགས་དེའི་ནང་དོན་ཚན་མང་པོ་ཞིག་ཁྲིམས་ལུགས་དང་མཐུན་གྱི་མེད་པ་སོགས་ཀྱིས་ ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུགས་དེར་ངེས་པར་དུ་བསྒྱུར་བཅོས་བྱ་དགོས་ཀྱི་ཡོད་པ་འཁོད་ཡོད་པ་མ་ཟད་། ཁྲིམས་རྩོད་པ་ཁོང་རྣམས་པས་ ངལ་རྩོལ་བསྒྱུར་བཀོད་ཀྱི་འབྲེལ་ཡོད་ལས་ཁང་དང་། ལས་བྱེད་ཚོའི་ལས་དོན་སྤེལ་ཕྱོགས་ལ་ལྟ་ཞིབ་དང་། ལྷག་པར་དུ་ངལ་རྩོལ་བསྒྱུར་བཀོད་བྱེད་མཁན་ཚོའི་ཁྲིམས་མཐུན་ཐོབ་ཐང་ལ་འགན་ལེན་དགོས་པའི་ཁར་ ངེས་པར་དུ་ངལ་རྩོལ་བསྒྱུར་བཀོད་ཐག་གཅོད་ཡོངས་ཁྱབ་ཐོག་ནས་བྱེད་དགོས་པ་དང་ ངལ་རྩོལ་བསྒྱུར་བཀོད་ཐག་གཅོད་ཡིག་ཆའི་ཐོག ཐག་གཅོད་བྱེད་མཁན་གྱི་མི་དང་དེའི་ལས་གནས་སོགས་ཁ་གསལ་བཀོད་ནས་ མ་འོངས་ཐག་གཅོད་དེར་ནོར་འཁྲུལ་བྱུང་ཡོད་ཚེ། བརྟག་དཔྱད་བྱེད་ས་ཡོད་པ་ཞིག་བཟོ་དགོས་པའི་བསམ་འཆར་བཏོན་གནང་ཡོད་པ་རེད།