རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ས་ཡ་༢༥༣ཡོད་པ།

རྒྱ་ནག་ནང་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཇེ་མང་དུ་ཕྱིན་ཏེ་ད་ཆ་བེད་སྤྱོད་གཏོང་མཁན་མི་དམངས་ས་ཡ་༢༥༣ཡོད་པ་རེད།

2008-07-25
Share

༄༅༎རྒྱ་ནག་གཞུང་གིས་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་གཏོང་རྒྱུར་ཚད་འཛིན་དང་བཀག་འགོག་གི་སྲིད་ཇུས་ལག་བསྟར་བྱེད་མིན་ལ་མ་ལྟོས་པར་དེང་སྐབས་རྒྱ་ནག་ནང་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཇེ་མང་དུ་ཕྱིན་ཏེ་ད་ཆ་བེད་སྤྱོད་གཏོང་མཁན་མི་དམངས་ས་ཡ་༢༥༣ ཡོད་པ་རེད།

རྒྱ་ནག་གི་འཕྲིན་གཏོང་དྲ་རྒྱའི་འབྲེལ་མཐུད་ལྟེ་གནས་ཁང་གིས་བཤད་དོན་བྱས་ན། ཉེ་ཆར་རྒྱ་ནག་ནང་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྲངས་འབོར་སྡོམ་རྩིས་བྱས་པའི་ནང་འདི་ལོའི་ཕྱི་ཟླ་དྲུག་པའི་ཟླ་མཇུག་ཏུ་ལོ་འཁོ་གཅིག་ནང་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་བཏང་མཁན་བརྒྱ་ཆ་༥༦ གིས་མང་དུ་ཕྱིན་ཡོད་པ་དང་དེ་སྔོན་ཡིན་ན་ཨ་མི་རི་ཀ་འཛམ་གླིང་ནང་ནས་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྲངས་འབོར་མང་ཤོས་ཤིག་ཡིན་ནའང་ཕྱི་ཟླ་དྲུག་པའི་ནང་ཨ་མི་རི་ཀའི་ནང་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་གཏོང་མཁན་མི་གྲངས་ས་ཡ་༢༢༣ དང་གྲངས་ཆུང་༡ བྱུང་ཡོད་པ་དེ་ཡིས་ད་ཆ་རྒྱ་ནག་འཛམ་གླིང་ནང་ནས་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་གཏོང་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ་རེད།

དེ་ནི་ཐེངས་དང་པོ་རྒྱ་ནག་ནང་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་ཨ་མི་རི་ཀ་ལས་མང་བ་བྱུང་སྟེ་འཛམ་གླིང་ནང་གི་ཨང་ཀི་དང་པོ་ཡིན་པའི་སྐོར་རྒྱ་ནག་གི་འཕྲིན་གཏོང་དྲ་རྒྱ་འབྲེལ་མཐུད་ལྟེ་གནས་ཁང་གི་གསལ་བསྒྲགས་ནང་བཀོད་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་འཕྲིན་གཏོང་དྲ་རྒྱ་ནི་ཚོང་ལས་དང་ཤེས་ཡོན་ཁོ་ནའི་ཐོག་བེད་སྤྱོད་གཏོང་རྒྱུ་ལས་ཆབ་སྲིད་དང་འབྲེལ་བའི་རྒྱ་ནག་གཞུང་ལ་སྐྱོན་བརྗོད་རིགས་འཕྲིན་གཏོང་དྲ་རྒྱའི་ཐོག་བཀོད་རྒྱུ་བཀག་འགོག་བྱེད་པ་མ་ཟད། གལ་ཏེ་ཆབ་སྲིད་ལྟ་སྤྱོད་མི་མཐུན་པའི་གནས་ཚུལ་རིགས་བཀོད་ཐོན་བྱུང་བ་ཡིན་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལུགས་དང་འགལ་འཛོལ་བྱས་པའི་ཉེས་འཛུགས་ཀྱིས་བཙོན་འཇུག་བྱེད་པ་དང་ལྷག་པར་དུ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ཕྱི་རྒྱལ་གྱི་གསར་འགྱུར་ལས་རིགས་ཁག་ཅིག་གི་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་གཏོང་རྒྱུ་བཀག་འགོག་བྱེད་བཞིན་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།