བལ་བོད་ས་མཚམས་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ།

པེ་ཅིང་དུ་རྒྱ་ནག་དང་བལ་ཡུལ་གྱི་ནང་སྲིད་དྲུང་ཆེ་དབར་བལ་བོད་ས་མཚམས་ཐོག་ཚོགས་འདུ་ཞིག་འཚོགས་རྒྱུ།

༄༅༎རྒྱ་ནག་དང་བལ་ཡུལ་གྱི་ནང་སྲིད་དྲུང་ཆེ་དབར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བལ་བོད་ས་མཚམས་སྲུང་སྐྱོབ་ཀྱི་གནད་དོན་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་པ་རེད།
དེའི་སྐོར་བལ་ཡུལ་ནས་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་བཏང་བའི་གནས་ཚུལ་ནང༌།བལ་ཡུལ་ཕྱོགས་ནས་ནང་སྲིད་དྲུང་ཆེས་སྣེ་ཁྲིད་པའི་བལ་པོའི་ཉེན་རྟོག་དཔོན་སོགས་སྐུ་ཚབ་ཚོགས་མི་བདུན་པེ་ཅིང་དུ་ཕེབས་ཏེ། བལ་བོད་ས་མཚམས་བདེ་འཇགས་ཀྱི་གྲོས་མོལ་ཚོགས་འདུ་དེ། ཕྱི་ཟླ་༧ཚེས་༢༣ ཉིན་འགོ་བཙུགས་ཏེ་ཉིན་གྲངས་དྲུག་རིང་འཚོགས་རྒྱུ་དང༌། ཚོགས་འདུ་དེའི་དམིགས་ཡུལ་ནི།བལ་བོད་ས་མཚམས་བརྒྱུད་བོད་ནས་བྲོས་བྲོལ་དུ་ཡོང་མཁན་དང༌།དངོས་ཟོག་ནག་ཚོང་རྒྱག་མཁན་སོགས་ཁྲིམས་འགལ་ཅན་གྱི་བྱ་སྤྱོད་རིགས་འགོག་ཐབས་ཀྱི་ལས་དོན་ཤུགས་ཆེ་རུ་གཏོང་ཐབས་ཀྱི་ཆེད་དུ་ཡིན་པ་དང༌། རྒྱ་ནག་གཞུང་དང་བལ་པོ་དབར་ལ་བལ་བོད་ས་མཚམས་ཀྱི་བདེ་འཇགས་གྲོས་མོལ་ཚོགས་འདུ་ཐོག་མར་༢༠༡༠ ལོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་ཚོགས་པའི་རྗེས། ཕྱོགས་གཉིས་དབར་ལོ་གཉིས་རེ་རེའི་ཐོག་གྲོས་མོལ་ཚོགས་འདུ་ཚོགས་རྒྱུའི་ཐག་གཅོད་བྱུང་བ་ཞིག་ཡིན་པ་རེད༎