རྒྱ་ནག་གིས་ཨ་རུའུ་ན་ཅལ་མངའ་ཁུལ་གྱི་ས་མིང་ཁག་ཅིག་གསར་པ་བཏགས་པར་རྒྱ་གར་གྱི་བློན་ཆེན་རིམ་པ་(Kiren Rijiju)་ལགས་ཀྱིས་སྐྱོན་བརྗོད་གནང་འདུག

ཕྱི་ཟླ་གསུམ་པའི་ཚེས་༣༠ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་ལྷོ་ཕྱོགས་ཞེས་རྒྱ་གར་གྱི་བྱང་ཤར་ཨ་རུའུ་ན་ཅལ་(Arunachal)་མངའ་སྡེ་ཁོང་ཚོ་ལ་བདག་དབང་ཡོད་ཚུལ་དང་། དེ་ཁུལ་གྱི་ས་ཁུལ་གཞན་སུམ་ཅུའི་ས་མིང་རྒྱ་ནག་རང་ཉིད་ཀྱི་ས་མིང་བཏགས་ནས་ཁྱབ་བསྒྲགས་བྱས་བའི་གནས་ཚུལ་ཐད། རྒྱ་གར་དབུས་གཞུང་གི་གོ་ལའི་ཚན་རིག་དང་བཟའ་ཆ་ལས་སྣོན་བློན་ཆེན་སྐུ་ཞབས་(Kiren Rijiju)་ལགས་ཀྱིས། ཁོང་གི་མངའ་སྡེ་ཨ་རུ་ན་ཅལ་ཁྱབ་ཁོངས་ས་གནས་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ས་མིང་གསར་པ་བཏགས་པ་དེར་སྐྱོན་བརྗོད་གནང་བ་དང་མཉམ། རྒྱ་ནག་གཞུང་གིས་ཁོང་ཚོའི་བདག་བཟུང་འོག་ཡོད་ཁུལ་བྱས་ཏེ་ས་གནས་ཁག་གི་མིང་བརྗེ་བསྒྱུར་བྱས་པ་དེས་དངོས་ཡོད་བདེན་པའི་གནས་ཚུལ་དང་ལོ་རྒྱུས་ཐོག་གི་བདེན་དཔང་ལ་འགྱུར་བ་ནམ་ཡང་གཏོང་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༣ ཚེས ༢༡ཉིན། སྐུ་ཞབས་ཀི་རན་རི་ཇི་ཇུ་ལགས་རྒྱ་གར་གྱི་གོ་ལའི་ཚན་རིག་(Earth Science་)་དང་(Food Processing Industries)་བཟའ་ཅ་ལས་སྣོན་ལྷན་ཁང་གི་བློན་ཆེན་ལ་བསྐོ་བཞག་གནང་བར་འཚམས་འདྲི་དང་སྦྲགས་མ་འོངས་ལས་ཡུན་རིང་ལས་དོན་ལམ་ལྷོང་ལྡན་པ་ཡོང་བའི་ཐུགས་སྨོན་ཡོད་ཅེས་བཀའ་སྩལ་འདུག
རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Himanta Biswa Sarma)་ལགས་ནས་ཀྱང་། རྒྱ་ནག་གི་བྱེད་སྟངས་དེར་ཡ་ལན་སློག་ཕྱིར་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་ཚུད་པའི་བོད་ཀྱི་ས་ཁུལ་ཁག་༦༠་ལ་མིང་གསར་པ་འདོགས་དགོས་པའི་བཀའ་མོལ་རེས་གཟའ་མིག་དམར་ཉིན་གསུང་པ་(The Hindu)་ཞེས་བའི་གསར་ཤོག་ནང་གནས་ཚུལ་སྤེལ་འདུག
ཕྱི་ཟླ་གསུམ་པའི་ཚེས་༣༠ཉིན་རྒྱ་ནག་སྤྱི་དམངས་ལས་དོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ནང་། རྒྱ་ནག་སྤྱི་དམངས་ལས་དོན་ལྷན་ཁང་གིས་བོད་ཀྱི་ལྷོ་ཕྱོགས་ཀྱི་ཚད་ལྡན་ཅན་གྱི་ས་ཆའི་མིང་ཐོ་ཁག་བཞི་ཁྱབ་བསྒྲགས་བྱས་པ་མ་ཟད། སྤྱི་བསྒྲགས་དེ་ནི་བོད་ཀྱི་ལྷོ་ཕྱོགས་སྟེ་ལྷོ་པ་ས་ཁུལ་གྱི་ས་གནས་གཞན་༣༠ལ་དམིགས་ནས་བཀོལ་སྤྱོད་བྱེད་པའི་ས་མིང་ཡིན་ཞེས་གསལ་བསྒྲགས་བྱས་འདུག

ཡང་དུས་རྒྱུན་དུ་ས་མཚམས་ཀྱི་གནད་དོན་ཐད་ཉམས་ཞིབ་དང་དཔྱད་རྩོམ་སྤེལ་གནང་མཁན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་སླར་ཡང་ཨ་རུ་ན་ཅལ་ཁུལ་གྱི་ས་ཆ་ཁག་སུམ་བཅུ་ལྷག་ལ་རྒྱ་ནག་གི་མིང་བཏགས་པའི་གསལ་བསྒྲགས་བྱས་ཡོད་པ་དེ་ནི། ས་ཆའི་བདག་དབང་གི་གནད་དོན་ལ་ཐུག་ཡོད་པ་ལྟར། གལ་ཏེ། རྒྱ་ནག་དང་རྒྱ་གར་གྱི་དཀའ་ངལ་སེལ་ཐབས་བྱེད་པར་བོད་ཀྱི་དཀའ་རྙོག་དེ་མ་སེལ་བར་རྒྱ་གར་དང་རྒྱ་ནག་གཉིས་བར་ཞི་འཇམ་གྱི་གནས་བབ་ཞིག་ཡོང་རྒྱུ་མིན་པ་གསུངས་བྱུང་།
སྤྱིར་བོད་ལ་དབྱིན་ཡིག་ཏུ་(Tibet)་ཞེས་བཀོལ་བཞིན་པ་དེ་རྒྱ་ནག་གཞུང་གིས་ཉེ་སྔོན་ནས་ (Xizang)་ཞེས་བེད་སྤྱོད་གཏོང་བར་སྐུལ་བཞིན་ཡོད་པ་ལྟར། ཨ་རུའུ་ན་ཅལ་མངའ་སྡེ་ལ་ཡང་བོད་ཀྱི་ལྷོ་ཕྱོགས་སམ་ལྷོ་པ་ཞེས་འབོད་དགོས་ཚུལ་རྒྱ་ནག་གིས་བརྗོད་འདུག
གསར་འགོད་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་པདྨ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།