རྒྱ་ནག་སྐམ་ས་ནི་ཧོང་ཀོང་གི་ས་བདག་ཡིན་ཚུལ་བཤད་འདུག
2017.07.27
རྒྱ་ནག་སྐམ་ས་དང་ཧོང་ཀོང་བར་གྱི་ས་མཚམས་འཕྲད་དུ་བཅད་པའི་མེ་འཁོར་མགྱོགས་ལམ་གསར་པ་དེ་དང་འབྲེལ་རྒྱ་ནག་སྐམ་སའི་ཁྲིམས་ལུགས་ལག་བསྟར་བྱེད་པའི་ཐོག་རྩོད་གླེང་བྱུང་བཞིན་པའི་སྐབས་ཏེ། གཟའ་ལྷག་པའི་ཉིན་ཁྲིམས་ཁང་གིས་རྒྱ་ནག་སྐམ་ས་ནི་ཧོང་ཀོང་གི་ས་བདག་ཡིན་ཚུལ་བཤད་ཡོད་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཧོང་ཀོང་ནང་གི་རང་དབང་དམངས་གཙོ་ཉམས་དམས་སུ་འགྲོ་རྒྱུའི་ཞེད་སྣང་དང་གླེང་སློང་བྱུང་བཞིན་པའི་སྐབས་འདིར་གོང་གི་སྐད་ཆ་དེ་བཤད་པ་ཞིག་རེད།
འདས་པའི་དུས་སུ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དཔེ་དེབ་བཙོང་མཁན་དང་རྒྱ་ནག་གི་ཚོང་པ་བཅས་གསང་བའི་སྒོ་ནས་འཛིན་བཟུང་བཙན་ཁྲིད་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྤེལ་བའི་གནས་ཚུལ་བྱུང་ཡོད་པ་རེད།
ཧོང་ཀོང་དང་རྒྱ་ནག་སྐམ་སའི་བར་གྱི་མེ་འཁོར་མགྱོཊ་ལམ་དེའི་ཧོང་ཀོང་གི་ས་ཁོངས་སུ་འཁེལ་བའི་མེ་འཁོར་འབབ་ཚིགས་སུ། ཕྱོགས་སོ་སོར་ཕར་འགྲོ་ཚུར་འོང་གི་འགྲུལ་བསྐྱོད་པར་དོ་དམ་ཞིབ་བཤེར་བྱ་དགོས་ཀྱི་ཡོད་པ་དེས་ཧོང་ཀོང་ས་ཐོག་ཏུ་རྒྱ་ནག་སྐམ་སའི་ཁྲིམས་ལུགས་ལག་བསྟར་བྱ་དགོས་གྱུར་ཡོད་ཅིང་། ཧོང་ཀོང་ནང་རྒྱ་ནག་སྐམ་སའི་ཁྲིམས་ལུགས་ལག་བསྟར་བྱེད་པ་ནི། ཧོང་ཀོང་གི་ཁྲིམས་ལུགས་དང་འགལ་ཡོད་པ་མ་ཟད། དེས་ཧོང་ཀོང་གི་རང་དབང་ཐོག་སྟངས་འཛིན་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་སྐོར་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོཊ་ཀྱི་འཐུས་མི་འདུས་བའི་མི་མང་པོ་ཞིག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག ཡིན་ནའང་གཟའ་ལྷག་པར་ཁྲིམས་ཁང་གི་དྲུང་ཆེ་(Rimsky Yuan)་གིས་བྱེད་སྟངས་དེ་ལུགས་མཐུན་ཡིན་པའི་རྣམ་འགྱུར་དང་བཅས། རྒྱ་ནག་སྐམ་ས་དང་ཧོང་ཀོང་གཉིས་ཀའི་འབྲེལ་བ་ནི་ས་བདག་དང་ས་ཆ་གཡར་མཁན་གྱི་འབྲེལ་བ་ལྟ་བུ་ཡིན་ཚུལ་བཤད་འདུག་ལ། ཁོང་གི་བཤད་སྟངས་དེས་རྩོད་གླེང་ཤུགས་ཆེ་རུ་བཏང་ཡོད་འདུག
ཧོང་ཀོང་ཕྱོཊ་འགལ་ཁྲིམས་བཟོ་ལྷན་ཚོཊ་ཀྱི་འཐུས་མི་(Chen Tanya)་ཡིས། གལ་ཏེ་རྒྱ་ནག་སྐམ་ས་ཧོང་ཀོང་གི་བདག་པོ་ཡིན་ན། དུས་ནམ་ཞིག་ལ་རྒྱ་ནག་གིས་ཧོང་ཀོང་གི་ས་ཆ་ཕྱིར་རྩིས་སྤྲོད་བྱ་དགོས་ཞེས་དགོས་འདུན་འདོན་སྲིད་པ་ཞིག་ཆགས་ཡོད་ཅེས་གཟའ་ཕུར་བུ་ཉིན་ཧྥ་རན་སིའི་གསར་ལས་ཁང་ལ་བཤད་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་འཚོ།