དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞིར་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ངོས་ནས་དགག་བྱ་བྱེད་ཐབས་མེད་པར་གྱུར་བ་བརྗོད་འདུག

2025.02.13
དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞིར་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ངོས་ནས་དགག་བྱ་བྱེད་ཐབས་མེད་པར་གྱུར་བ་བརྗོད་འདུག དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐབས། ༢༠༢༥།༢།༨
RFA

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་(Tower Hamlet)་ཞེས་པའི་ཁ་སྤྲོད་དུ་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་གཞུང་ཚབ་ཁང་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་དེར་ས་གནས་ཀྱི་ཉེན་རྟོག་ཁང་གིས་དགག་བྱ་ཕྱིར་འཐེན་བྱས་བར་བརྟེན་ད་ཆ་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ངོས་ནས་ངོ་རྒོལ་བྱེད་ཐབས་མེད་པའི་སྐོར་འདི་ཚེས་༡༡རེས་གཟའ་མིག་དམར་ཉིན་མགྲིན་ཚབ་པས་གསུངས་འདུག
གནས་སྟངས་དེ་ཡིས་རྒྱ་ནག་གཞུང་གིས་གཞུང་ཚབ་ཁང་ཆེན་པོ་དེ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞིར་ངོ་རྒོལ་བྱེད་མཁན་ཡོད་པའི་རྩོད་གཞི་ཅན་གྱི་ལས་གཞི་དེ་ལམ་ལྷོང་ཡོང་བའི་གོ་སྐབས་ཆེ་རུ་ཕྱིན་ཡོད་པ་དང་བསྟུན་ནས། (Tower Hamlet)་ས་གནས་སྤྱི་ཁྱབ་ལྷན་ཁང་གིས་ལས་གཞི་དེ་ལ་དགག་བྱ་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་དང་། ད་ཆ་དགག་པ་རྒྱག་དགོས་པའི་ཁུངས་སྐྱེལ་བྱེད་ཐུབ་ཀྱི་མེད་པའི་སྐོར་གསུངས་ཏེ་དགག་པ་བྱ་རྒྱུ་ངོས་ལེན་བྱས་མེད་པ་རེད།
རྒྱ་ནག་གཞུང་ཕྱོགས་ནས་དབྱིན་ཇིའི་(Royal Mint Court)་ཞེས་པའི་ཁྲིམས་ཁང་ལ་ས་ཆ་རྒྱ་ཁྱོན་ཨེ་ཀར་ལྔའི་ཐོག་ལ་ཡོ་རོབ་ནང་གི་རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་འཛུགས་སྐྲུན་བྱ་རྒྱུའི་སྐོར་བཤད་ཡོད་ཀྱང་འཆར་གཞི་དེར་ས་གནས་མང་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། མིང་གྲགས་ཅན་གྱི་སྲིད་དོན་པ་སོགས་གལ་ཆེའི་མི་སྣ་མང་པོས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད།

uk protest.JPG
Photo: RFA


ཁྲིམས་རྩོད་པ་བུད་མེད་མོ་རག་ཨེ་ལེ་སི་(Morag Ellis KC)་ཞུ་བས། (Tower Hamlet)་ས་གནས་གྲོང་སྡེ་ལྷན་ཁང་གི་ཚབ་བྱས་ཏེ། རེས་གཟའ་མིག་དམར་ཉིན་གྱི་ཉན་ཞིབ་སྐབས་ས་གནས་གྲོང་སྡེའི་ཉེན་རྟོག་ཁང་གིས་རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་འཆར་ལ་དགག་བྱ་བྱས་བ་ཕྱིར་འཐེན་བྱས་པའི་རྐྱེན་གྱིས། ད་ཆ་གྲོང་སྡེ་ལྷན་ཁང་གི་ངོས་ནས་དགག་བྱ་བྱས་པའི་རྒྱུ་མཚན་དེ་དག་ར་སྤྲོད་བྱེད་པའི་དཔང་རྟགས་མཁོ་འདོན་བྱེད་ཐུབ་པའི་གནས་སྟངས་མེད་པར་གྱུར་ཡོད་ཅེས་བཤད་འདུག
འོན་ཀྱང་ཁྲིམས་རྩོད་པ་(Simon Bell)་ཞུ་བས། (Royal Mint Court)་ས་གནས་སུ་གནས་སྡོད་བྱེད་མཁན་གྲོང་མི་ཚོའི་ཚབ་བྱས་སྟེ། ས་གནས་དེ་དང་ཐག་ཉེ་ཤོས་སུ་གནས་སྡོད་བྱེད་མཁན་ཚོར་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ལངས་ཕྱོགས་ཐད་སེམས་ཁྲལ་དང་བློ་ཕམ་ཆེན་པོ་ཡོད་པ་དང་། ལས་གཞི་དེར་མུ་མཐུད་ངོ་རྒོལ་བྱེད་རྒྱུ་ཡིན་པ་ནན་བཤད་གནང་འདུག
ད་དུང་ཁོང་གིས་ཕྱི་ཟླ་གཉིས་པའི་ཚེས་༨ རེས་གཟའ་སྤེན་པའི་ཉིན་ལས་གཞི་དེར་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས། དབྱིན་ཇིའི་ཉེན་རྟོག་པས་ངོ་རྒོལ་བ་རྣམས་བཀག་མ་ཐུབ་པ་དང་། ངོ་རྒོལ་བྱེད་སྐབས་ལམ་བཀག་པ་དང་ཉེན་རྟོག་པ་མང་པོ་ཡོད་པ་དེས་ས་གནས་དེའི་མི་རྣམས་ཀྱི་བདེ་འཇགས་ལ་འཇིགས་སྣང་སྐྱེ་གཞི་ཆགས་ཡོད་པ་མ་ཟད། གལ་ཏེ་རྒྱ་ནག་གི་གཞུང་ཚབ་གསར་པ་འཆར་གཞི་ལྟར་འཛུགས་སྐྲུན་བྱེད་པའི་རིང་དང་། ལྷག་པར་དུ་གཞུང་ཚབ་གསར་པ་འཛུགས་སྐྲུན་བྱས་ཟིན་པའི་རྗེས་ངོ་རྒོལ་ལས་འགུལ་གྱིས་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པ་སྔོན་དཔག་ཐུབ་པ་ཞིག་རེད་ཅེས་གསུངས་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎