རྒྱ་ནག་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་གློད་འགྲོལ་དགོས།

ཨ་རི་དང་ཡོ་རོབ་ཀྱིས་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་གློད་འགྲོལ་དགོས་པའི་དགོས་འདུན་ལ་རྒྱ་གཞུང་གིས་མོས་མཐུན་བྱས་མེད་པ་རེད།

2009-12-15
Share

༄༅༎ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་གློད་འགྲོལ་དགོས་པའི་དགོས་འདུན་བཏོན་པར་རྒྱ་ནག་གཞུང་གིས་དེར་མོས་མཐུན་བྱེད་ཐབས་མེད་ལུགས་བརྗོད་དེ་དགོས་འདུན་དེ་དག་རྩིས་མེད་བཏང་ཡོད་པ་རེད།

ལིའུ་ཤའོ་ཕུའུ་ནི་རྒྱ་ནག་ནང་རང་དབང་དང་མང་གཙོ་གོང་སྤེལ་དགོས་སྐོར་སོགས་འཁོད་པའི་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆ་ཟེར་བར་མིང་རྟགས་བཀོད་མཁན་གྲས་ཤིག་ཡིན་ཞིང་གཟའ་ཟླ་བའི་ཉིན་ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས་གཉིས་ཀས་རྒྱ་ནག་གཞུང་ལ་ལིའུ་ཤའོ་ཕུའུ་གློད་འགྲོལ་གཏོང་དགོས་པ་དང་གཞུང་དང་ལྟ་བ་མི་མཐུན་མཁན་ཚོའི་ཐོག་དྲག་གནོན་བསུན་པོ་བཟོ་བཞིན་པའི་བྱ་སྤྱོད་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། འོན་ཀྱང་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཇིཡང་ཡུས་རྒྱ་ནག་ལ་འདི་ལྟ་བུའི་ཁག་དཀྲི་བྱས་པ་དེ་ནི་མོས་མཐུན་བྱེད་ཐབས་མེད་པ་ཞིག་རེད་ཅེས་དང་ང་ཚོས་ཕྱི་ཕྱོགས་ནས་བྱེད་ཕྱོགས་འདྲ་མིན་ཇི་འདྲ་ཞིག་གི་ཐོག་ནས་རྒྱ་ནག་གི་ནང་སྲིད་དང་རང་དབང་གི་ཁྲིམས་ལུགས་ལ་ཐེ་བྱུས་བྱས་ཀྱང་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་ལན་འདེབས་བྱས་ཡོད་པ་རེད།

དགུང་ལོ་༥༣ཡིན་པ་ལིའུ་ཤའོ་ཕུའུ་དེ་སྔོན་ཕྱི་ལོ་༡༩༨༩ལོའི་པེ་ཅིང་གི་གནམ་བདེ་སྒོ་མོ་ཕྱེའི་སློབ་ཕྲུག་གིས་འགོ་འཁྲིད་པའི་མང་གཙོའི་ལས་འགུལ་ནང་ཐེ་བྱུས་ཡོད་པའི་རྐྱེན་གྱིས་བཙོན་དུ་ཚུད་མྱོང་ཡོད་ཅིང་ཡང་སྔ་ལོ་ཕྱི་ཟླ་བཅིུས་པའི་ནང་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆ་ཟེར་བ་དེ་བྲིས་པའི་རྐྱེན་གྱིས་འཛིན་བཟུང་དོ་དམ་བྱས་ཏེ་ཉིན་ཤས་སྔོན་ཁོང་ལ་གཞུང་མགོ་རྟིང་སློག་རྒྱུའི་བྱ་སྤྱོད་སྤེལ་བའི་ནག་ཉེས་དངོས་སུ་བཙུགས་ཡོད་པ་རེད།

གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཨིཡེན་ཀེ་ལི་རྒྱ་ནག་གི་མི་སེར་སྐུ་ཞབས་ལིའུ་ལྟ་བུ་རང་ཉིད་ཀྱི་བསམ་ཚུལ་བརྗོད་པའི་ཡོངས་ཁྱབ་ཀྱི་རང་དབང་ལོངས་སུ་སྤྱོད་པ་ཙམ་གྱིས་འཛིན་བཟུང་དང་བསུན་བཙིར་བཟོས་པའི་བྱ་སྤྱོད་ལ་ཨ་མི་རི་ཀའི་གཞུང་ལ་བློ་འཚབ་ཡོད་ཅེས་དང་ང་ཚོས་རྒྱ་ནག་གཞུང་ལ་ལིའུ་ཤའོ་ཕུའུ་འཕྲལ་དུ་གློད་འགྲོལ་གཏོང་དགོས་པ་དང་དེ་བཞིན་རྒྱལ་སྤྱིའི་ནང་ཡོངས་ཁྱབ་ངོས་ལེན་བྱས་པའི་ཞི་བའི་སྒོ་ནས་སོ་སོའི་བསམ་ཚུལ་འདོན་སྤེལ་བྱེད་པའི་རང་དབང་ལོངས་སུ་སྤྱོད་མཁན་གྱི་རྒྱ་རིགས་མི་སེར་ཚོའི་ཐོབ་ཐང་ལ་ངེས་པར་སྲུང་བརྩི་དགོས་པའི་དགོས་འདུན་བཏོན་རྒྱུ་ཡིན་ཞེས་གསུངས་པ་དང་ཡང་ཡོ་རོབ་མཐུན་ཚོགས་ཀྱིས་ལིའུ་ཤའོ་ཕུའུའི་གནས་བབ་ཐད་བློ་འཚབ་ཧ་ཅང་ཆེན་པོ་ཡོད་པ་བརྗོད་པ་དང་སྦྲགས་ཁོང་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་འགྲོལ་དགོས་པ་དང་ དེ་བཞིན་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆར་མིང་རྟགས་བཀོད་མཁན་ཚོའི་ཐོག་བསུན་བཙིར་བཟོས་པ་དང་འཇུ་བཟུང་བྱེད་པའི་ལས་དོན་མཚམས་འཇོག་དགོས་ལུགས་བརྗོད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།