བོད་ཡིག་གི་སྐར་གྲངས་ཇེ་དམའ་བཏང་བས་བོད་རིགས་སློབ་ཕྲུག་ཚོ་སློབ་གྲྭར་ཚུད་པར་འགོག་རྐྱེན་ཆགས་བཞིན་ཡོད་འདུག

2021-07-20
Share
བོད་ཡིག་གི་སྐར་གྲངས་ཇེ་དམའ་བཏང་བས་བོད་རིགས་སློབ་ཕྲུག་ཚོ་སློབ་གྲྭར་ཚུད་པར་འགོག་རྐྱེན་ཆགས་བཞིན་ཡོད་འདུག སློབ་མ་བསྡུ་བའི་ཡིག་ཐོག་བརྡ་ཁྱབ།
བོད་འབྱོར།

རྒྱ་ནག་གཞུང་གིས་མི་རིགས་སློབ་གྲྭ་ཁག་གི་ཚུད་རྒྱུགས་སྐར་གྲངས་མཐོ་རུ་བཏང་ནས་བོད་ཡིག་གི་སྐར་གྲངས་ཇེ་དམའ་བཏང་བས་བོད་རིགས་སློབ་ཕྲུག་ཚོ་སློབ་གྲྭ་ཁག་ཏུ་ཚུད་པར་འགོག་རྐྱེན་ཆགས་བཞིན་ཡོད་འདུག
འདི་ལོའི་ཕྱི་ཟླ་༧་ཚེས་༡༣་ནས་བཟུང་རྒྱ་ནག་གཞུང་འབྲེལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་དང་། མཚོ་ལྷོ། དེ་བཞིན་ཡུལ་ཤུལ་ཁུལ་སློབ་སྡུད་ལས་ཁུངས་ཟེར་བ་སོགས་ཀྱིས། ཕྱི་ལོ་༢༠༢༡་ལོའི་མཐོ་འབྲིང་སློབ་མ་བསྡུ་བའི་ཡིག་ཐོག་བརྡ་ཁྱབ་བཏང་བའི་ནང་། སྤྱིར་ཡིན་ན་རྒྱ་ནག་གཞུང་གིས་མི་རིགས་ས་གནས་རང་སྐྱོང་གི་སྐད་ཡིག་བཅའ་ཁྲིམས་ནང་གསལ་ལྟར། སློབ་གྲྭ་ཁག་ཏུ་འཛུལ་ཞུགས་དང་ཡིག་རྒྱུགས་ག་འདྲ་ཞིག་གི་སྐབས་སུའང་། བོད་ཡིག་ཡིག་རྒྱུགས་ཀྱི་སྐར་གྲངས་སློབ་ཚན་ཡོངས་ནས་མཐོ་པོ་དགོས་ན་ཡང་། འདི་ལོ་ནས་སློབ་སྡུད་སྐར་གྲངས་ཚད་གཞིའི་ནང་བོད་ཡིག་དང་རྒྱ་ཡིག་དབྱིན་ཡིག་བཅས་ཀྱི་སྐར་གྲངས་འདྲ་མཉམ་ལྟ་བུ་བཞག་ཡོད་པ་མ་ཟད། ནམ་རྒྱུན་བོད་ཡིག་སློབ་མ་ཚོ་འགྲོ་སའི་སློབ་གྲྭ་ཁག་ལ་མི་རིགས་སློབ་གྲྭ་ཞེས་སྐར་གྲངས་སོགས་བོད་ཡིག་སློབ་ཁྲིད་ཀྱི་ཚད་གཞི་ལྟར་ཡིན་ན་ཡང་། འདི་ལོ་ནས་སྤྱིར་བཏང་སློབ་གྲྭ་དང་མི་རིགས་སློབ་གྲྭ་སོགས་ཀྱི་དབྱེ་བ་ཕྱེས་ཏེ་མི་རིགས་སློབ་གྲྭ་ཁག་གི་སྐར་གྲངས་མཐོ་རུ་བཏང་སྟེ། བོད་རིགས་སློབ་མ་ཚོ་བོད་ཡིག་སློབ་ཁྲིད་ཀྱི་ལམ་ནས་མི་རིགས་མཐོ་འབྲིང་སློབ་གྲྭ་ཁག་ཏུ་འགྲོ་རྒྱུར་འགོག་རྐྱེན་ཆགས་བཞིན་ཡོད་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་གིས། སྤྱིར་ན་སྐར་གྲངས་ཐད་ནས་མི་རིགས་སློབ་གྲྭ་ཁག་ཏུ་སྐར་གྲངས་དམའ་བོ་ལས་མི་དགོས་པ་དང་། རྒྱ་ནག་གི་མཐོ་འབྲིང་སློབ་གྲྭ་ཁག་དེ་དག་ཚད་ལྡན་དུ་བརྩིས་ནས་སྐར་གྲངས་མཐོ་བོ་དགོས་པ་མ་ཟད། རྗེས་སུ་སློབ་མཐར་སོན་སྐབས་ཀྱང་སློབ་ཐོན་ལག་འཁྱེར་ལ་ཡང་ཁྱད་པར་ཡོད་སྐོར་འགྲེལ་བརྗོད་གནང་སོང་། ཡང་ཡུལ་ཤུལ་ནས་ཡིན་པའི་འདི་ལོའི་མཐོ་འབྲིང་སློབ་མ་ཞིག་གིས། སྤྱིར་ན་དེ་སྔ་མི་རིགས་མཐོ་འབྲིང་སློབ་གྲྭ་ཁག་ཏུ་སྐར་གྲངས་དམའ་བོ་ལས་མི་དགོས་ཀྱང་འདི་ལོ་ནས་སྐར་གྲངས་སྔར་ལས་མཐོ་རུ་བཏང་ཡོད་སྟབས། མི་རིགས་མཐོ་འབྲིང་ལ་འཛུལ་ཐུབ་མ་བྱུང་ལ། སྤྱིར་བཏང་སློབ་གྲྭའམ་རྒྱ་ནག་གི་མཐོ་འབྲིང་ནང་དུ་འཛུལ་བ་ཡིན་ན། བོད་ཡིག་སློབ་ཁྲིད་མེད་པ་དང་ང་རང་བོད་ཡིག་ལ་དགའ་མོས་ཡོད་སྟབས། ད་ལོ་དམའ་འབྲིང་སློབ་གྲྭ་བསྐྱར་འདོན་བྱ་དགོས་བསམ་ཡོད་སོགས་ཡིག་ཐོག་ནས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་བཏང་བའི་སློབ་སྡུད་བརྡ་ཁྱབ་ཁག་གི་ནང་མཐོ་འབྲིང་སློབ་མ་བསྡུ་བའི་ཐད་ཞིབ་འཇུག་མཐར་ཕྱིན་པ་བྱས་ཡོད་སྐོར་དང་། དེ་བཞིན་ཕྱི་ལོ་༢༠༢༡་ལོའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ལས་ཁུངས་ནས་ཡུལ་ཤུལ་ཁུལ་གྱི་རྫོང་དང་གྲོང་ཁྱེར་སོ་སོའི་མཐོ་འབྲིང་གི་བོད་ཡིག་སློབ་བསྡུའི་ཚད་གཞི་སྐར་གྲངས་༢༥༩་དང་། མཐོ་འབྲིང་གི་དབྱིན་ཡིག་སྐར་གྲངས་༢༥༨་ཡིན་སྐོར་དང་། ཡང་མཚོ་ལྷོ་ཁུལ་མཐོ་འབྲིང་སློབ་གྲྭས་སློབ་མ་བསྡུ་བའི་ཚད་གཞི་ཞེས་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭས་བསྡུ་ལེན་བྱས་པའི་སྐར་གྲངས་དེ་༣༩༨་དང་། མི་རིགས་མཐོ་འབྲིང་གི་སྐར་གྲངས་༤༡༤་དང། དེ་བཞིན་རྨ་ལྷོ་ཁུལ་གྱི་མཐོ་འབྲིང་དཀྱུས་མའི་སྐར་གྲངས་ཚད་༢༦༨.༦་དང་། མི་རིགས་མཐོ་འབྲིང་གི་སློབ་བསྡུའི་སྐར་གྲངས་༣༠༢.༥་ཡིན་སྐོར་བཅས། ས་ཁུལ་དེ་དག་ནང་འདི་ལོ་ནས་མི་རིགས་སློབ་འབྲིང་ཁག་གི་སྐར་གྲངས་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད་པ་དང་། གནད་དོན་དེ་ནི་སློབ་ཚན་སྤྱིའི་ཁྲོད་ནས་བོད་ཡིག་སློབ་ཚན་གྱི་སྐར་གྲངས་དམའ་བོ་དང་། ཚུད་རྒྱུགས་ཀྱི་སྤྱིའི་བསྡོམས་ཚད་མཐོ་རུ་བཏང་ནས་བོད་རིགས་སློབ་མ་ཚོ་བོད་ཡིག་སློབ་ཁྲིད་ཡོད་པའི་མཐོ་འབྲིང་སློབ་ཁག་ནང་ཚུད་རྒྱུར་འགོག་རྐྱེན་བཟོ་ཐབས་ཤིག་ཆགས་ཡོད་པ་རེད།
དེ་འབྲེལ་གནད་དོནའདིའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་ཤེས་ཡོན་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་སུ་བཀའ་འདྲི་བྱས་པར། ཐེངས་འདིར་གསལ་བསྒྲགས་བཏང་བ་དེ་དག་གི་ནང་དུ་མི་རིགས་སློབ་གྲྭ་ཞེས་བོད་ཡིག་སློབ་ཁྲིད་ཀྱི་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་བྱེད་པར་ཆ་རྐྱེན་མཐོ་བོ་དང་། མི་རིགས་སློབ་གྲྭ་མིན་པའི་སློབ་གྲྭ་ཁག་དེ་དག་ནང་སྐར་གྲངས་དང་ཆ་རྐྱེན་དམའ་བ་ཡོད་པ་དེས། རྒྱ་ནག་གཞུང་དང་ས་གནས་དེ་ག་རང་གི་སྲིད་གཞུང་ནས་བོད་པའི་སློབ་གྲྭ་ཁག་ནང་འཛུལ་བར་རང་བཞིན་གྱིས་ཁྲིམས་ཐོག་ནས་དཀའ་ངལ་བཟོས་བསྡད་པ་ཞིག་དང་། མི་རིགས་སློབ་གྲྭ་མ་ཡིན་པའི་སློབ་གྲྭ་གཞན་དུ་འཛུལ་བ་ཡིན་ན་སློབ་ཕྲུག་བརྒྱ་༩༠་ཙམ་རྒྱ་རིགས་ཡིན་པ་དང་། བོད་ཡིག་གི་སློབ་ཁྲིད་སོགས་མེད་སྟབས་བོད་རིགས་སློབ་ཕྲུག་ཚོར་རང་བཞིན་གྱིས་དཀའ་ངལ་འཕྲད་བསྡད་པ་ཞིག་ཡིན་སྐོར་གསུངས་སོང་།
རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ཁུལ་གྱི་སློབ་གྲྭ་ཁག་ནང་ཡིག་རྒྱུགས་དང་སློབ་ཁྲིད་སོགས་གང་ཐད་ནས། བོད་ཡིག་སློབ་གསོར་ཕྱོགས་ཡོངས་ནས་འགོག་རྐྱེན་བཟོ་ཐབས་སྣ་ཚོགས་བྱེད་བཞིན་ཡོད་པ་དེས། བོད་ཁུལ་གྱི་སློབ་མ་ཚོར་སློབ་གྲྭ་ཡག་པོར་འཛུལ་རྒྱུར་འགོག་རྐྱེན་དང་། བོད་ཡིག་གི་སྐར་གྲངས་ཡག་པོ་ཡོད་ཀྱང་རྒྱ་ཡིག་སྐར་གྲངས་ཡག་པོ་མེད་པ་ཡིན་ན་སློབ་གྲྭ་ཡག་པོ་ཁག་ཏུ་འགྲོ་མི་ཐུབ་པ་སོགས་ཀྱི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་བཟུང་རིམ་པ་དང་པོའི་སློབ་ཁྲིད་ཐབས་ལམ་ཞེས་པ་ཞིག་ལག་བསྟར་བྱ་ཐབས་བྱས་ཏེ། བོད་ཁུལ་ཁྱོན་ཡོངས་ནས་བོད་སྐད་བོད་ཡིག་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་རིམ་པར་འཐེན་ཐབས་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།