རྒྱ་ནག་གཞུང་གིས་དགེ་རྒན་དང་གཞན་ཁེ་ལས་སྡེ་ཁག་གི་མི་སྣ་ཚོ་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་རྒྱུར་ཚོད་འཛིན་བྱེད་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ནང་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་སློབ་གྲྭ་ཁག་གི་དབྱར་ཁའི་གུང་སེང་གི་གོང་དུ། དགེ་རྒན་དང་། སློབ་མ། དེ་བཞིན་དངུལ་ཁང་གི་ལས་བྱེད་བཅས་ཀྱི་ཁྲོད་ཕྱི་བསྐྱོད་ལམ་ཡིག་ཡོད་མཁན་ཚོའི་ལམ་ཡིག་ངེས་པར་དུ་ཡར་བསྡུ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ནས། ཕྱི་བསྐྱོད་ལམ་ཡིག་འབྲེལ་ཡོད་གཞུང་གི་སྡེ་ཁག་ནས་བདག་ཉར་བྱེད་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་རེད།
དེ་འབྲེལ་རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་གིས་བརྡ་ཁྱབ་ཞིག་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་བཞིན་པའི་ནང་དུ་། སློབ་གྲྭ་དེ་ཉིད་ཀྱི་འཛིན་གྲྭ་སོ་སོའི་འགན་བདག་ལ་ཕྱི་བསྐྱོད་ལམ་ཡིག་ཡོད་པའི་སློབ་མའི་ཐོ་གཞུང་བསྡུ་རུབ་བྱས་ནས་སློབ་གྲྭར་སྤྲོད་དགོས་པའི་བཀའ་བཏང་ཡོད་པ་འཁོད་འདུག་ལ། དེ་བཞིན་ཡང་སྤྱི་ཟླ་༦ཚེས་༢༥ཉིན། རྫོང་སློབ་འབྲིང་ཞིག་གི་ཏང་སྲིད་གཞུང་ལས་ཁང་ཟེར་བས་བརྡ་ཁྱབ་བཏང་བའི་ནང་དུ་ཡང་། སློབ་གསོ་ལས་ཁུངས་ཀྱི་བཀོད་ཁྱབ་ལྟར་དུ། ད་ལྟ་ལས་གནས་ཐོག་ཡོད་པའི་དགེ་རྒན་དང་ལས་བྱེད་ཡོངས་ཀྱིས། གལ་ཏེ་ཕྱིའི་རྒྱལ་ཁབ་ལ་འགྲུལ་བཞུད་དང་། རྒྱལ་མཚམས་བརྒལ་ཆོག་པའི་ལམ་ཡིག་སོགས་ཀྱི་ཡིག་ཆ་ཞུས་ཡོད་རིགས་ཚང་མ་སྤྱི་ཟླ་༦ཚེས་༢༨ཉིན་གོང་དུ་གོང་ཞུས་སློབ་གྲྭའི་ཏང་སྲིད་གཞུང་ལས་ཁང་དུ་ཡར་བསྡུ་བྱས་ནས་ཐོ་འགོད་བྱེད་དགོས་ལུགས་དང་། སྤྱི་ཚེས་༢༩ཉིན་ནས་ཏང་སྲིད་གཞུང་ལས་ཁང་གིས་ཡིག་ཚགས་བཟོས་ནས་ཚང་མ་གཅིག་གྱུར་གྱིས་སློབ་གསོ་ལས་ཁུངས་ཀྱི་མི་དོན་སྡེ་ཚན་གྱིས་བདག་ཉར་བྱེད་རྒྱུ་ཡིན་ལུགས་བཀོད་འདུག
འདི་ག་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་དེའི་སྐོར་རྒྱུས་ལོན་བྱས་པའི་སྐབས་སུ། གནད་དོན་དབྱེ་ཞིབ་པ་མང་པོས་གོང་ཞུས་རྒྱ་ནག་གཞུང་གིས་བསྒྲགས་པའི་བརྡ་ཁྱབ་དེ་དག་ཚང་མ་རྒྱ་ནག་ནས་ཁ་བྲལ་ཏེ་ཕྱིའི་རྒྱལ་ཁབ་ཀྱི་སློབ་ཆེན་སོགས་ལ་སློབ་སྦྱོང་དུ་བསྐྱོད་འཆར་ཡོད་པ་རྣམས་ལ་ཆེད་དུ་དམིགས་ནས་བསྒྲགས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
སྤྱིར་བཏང་ཕྱིའི་རྒྱལ་ཁབ་ཏུ་འགྲུལ་བཞུད་ཐད་དམ་དྲག་ཚོད་འཛིན་བྱེད་པའི་བརྡ་ཁྱབ་དེ་རིགས་རྒྱ་ནག་གི་སློབ་ཆེན་དང་སློབ་གསོའི་སྡེ་ཁག་མང་པོའི་དྲ་ལམ་དུ་ཡོངས་ཁྱབ་ཀྱིས་བསྒྲགས་ཡོད་པ་མཐོང་རྒྱུ་འདུག་ཅིང་། དེ་ཡང་སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༤པའི་དེ་འབྲེལ་བརྡ་ཐོ་བསྒྲགས་པའི་ནང་དུ། ཝུའུ་ཧན་སློབ་ཆེན་གྱི་རྩིས་འཁོར་ཚན་རིག་སྡེ་ཚན་གྱི་དགེ་རྒན་ཚོས་ཕྱི་བསྐྱོད་ལག་འཁྱེར་ཐོབ་ནས་ཉིན་བདུན་གྱི་ནང་ཚུད་དུ་སློབ་ཆེན་གྱི་འབྲེལ་ཡོད་གཞུང་གི་སྡེ་ཚན་སྤྲད་ནས་བདག་ཉར་བྱེད་དུ་འཇུག་དགོས་པའི་བཀོད་ཁྱབ་འདུག
གཞན་རྒྱ་ནག་གི་(浙江台州)་སློབ་ཆེན་གྱི་དགེ་རྒན་དང་ལས་བྱེད་གང་རུང་ནས་སྒེར་ངོས་ནས་ཕྱིའི་རྒྱལ་ཁབ་ཏུ་འགྲུལ་བཞུད་བྱེད་དགོས་ཚེ། ངེས་པར་དུ་སློབ་གྲྭའི་མི་དོན་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས་ལུགས་ཀྱི་བསྒྲགས་ཡོད་པ་རེད་ལ། གཞན་སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་༤པའི་ནང་ཧྲང་ཧེ་ལུས་རྩལ་སློབ་གླིང་གིས་ཀྱང་དེ་འབྲེལ་གསལ་བསྒྲགས་སྤེལ་ཡོད་པ་རེད།

དེ་བཞིན་བོད་ནང་དུ་མཚོན་ན། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་འདུག་བསྐྱོད་གསུམ་ལ་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་པ་ལྟར། བོད་མི་ཚོས་རྒྱ་ནག་གི་ཁྲིམས་མཐུན་གྱི་ཕྱི་བསྐྱོད་ལག་འཁྱེར་ལེན་པར་རྒྱ་མི་རིགས་དང་མ་འདྲ་བར་འགྲོ་ལུགས་མང་པོ་བརྒྱུད་དགོས་བ་སོགས་ལག་འཁྱེར་རག་རྒྱུར་དཀའ་ངལ་ཆེན་པོ་ཡོད་པ་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་འགྲེལ་བརྗོད་གནང་བྱུང་།
བོད་ནང་གི་བོད་མི་མང་པོས་ཡུལ་སྐོར་ལས་ཁུངས་ཁག་བརྒྱུད་ཐེ་ལན་ཌིར་ཡུལ་སྐོར་དུ་འགྲོ་བ་སོགས་དངུལ་གྱི་འགྲོ་སོང་མང་པོ་བཏང་ནས་ཕྱི་བསྐྱོད་ལག་འཁྱེར་ལེན་ཐབས་བྱེད་ཀྱི་ཡོད་པ་གསུང་བྱུང་། ཡིན་ན་ཡང་ཁོང་ཚོ་ཕྱིར་འབྱོར་མཚམས་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱས་བའི་གནས་ཚུལ་བྱུང་ཡོད།
འདི་ག་རླུང་འཕྲིན་ཁང་ལ་དེ་སྔ་བོད་ནང་ནས་གནས་ཚུལ་མཁོ་སྤྲོད་གནང་བར་ལྟར་ན། བོད་ནང་གི་བོད་མི་མང་པོ་ཞིག་གིས་དཀའ་ལས་མང་པོ་རྒྱབ་ནས་རྒྱ་ནག་གཞུང་གི་ཁྲིམས་མཐུན་གྱི་ཕྱིར་བསྐྱོད་ལག་འཁྱེར་བླངས་རྗེས་བལ་ཡུལ་དང་། རྒྱ་གར། ཐེ་ལན་ཌི་སོགས་སུ་ཡུལ་བསྐོར་གནས་སྐོར་བྱེད་པར་བསྐྱོད་ཡོད་ཀྱང་། སྤྱི་ལོ་༢༠༡༧ལོར་བོད་མིའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་ལ་ཉེ་བའི་སྔོན་སྟེ། སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་༡༡་ཙམ་ནས། གློ་བུར་དུ་བོད་ནང་གི་ས་གནས་སོ་སོར་ལག་འཁྱེར་ཡོད་མཁན་གནས་སྐབས་ཕྱི་ལ་བསྐྱོད་མི་ཆོག་པ་བཤད་ནས་ལག་འཁྱེར་ཕྱིར་བསྡུ་བྱས་པ་དང་། བསྐྱོད་ཟིན་པ་ཚོ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་སྐབས་དེར་པེ་ཅིན་དང་། ཁྲིན་ཏུའུ་སོགས་ཀྱི་གནམ་ཐང་བརྒྱུད་ཕྱིར་ལོག་པའི་བོད་མི་ཚོའི་ཐོག་དམ་དྲག་བྱས་ཐོག་བོད་མི་མང་པོ་ཞིག་གི་ལག་འཁྱེར་ཕྱིར་བསྡུ་དང་། བེད་མེད་བཟོས་པ། ཁག་གཅིག་གི་ཕྱིར་བསྐྱོད་ལག་འཁྱེར་དོ་བདག་གི་མདུན་ས་ནས་གཤག་སྟེ། ལག་འཁྱེར་བེད་མེད་བཟོས་པ་ཡིན་ལུགས་འབྲེལ་ཡོད་བོད་མི་ཁག་གཅིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།

ཡང་སི་པན་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་(Safeguard Defenders)་ཞེས་པས་སྔ་ལོའི་ཕྱི་ཚེས་དང་པོའི་ནང་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་སྲིད་གཞུང་གིས་ཡུལ་དེའི་མི་མང་ས་ཡ་མང་པོ་རྒྱལ་ཁབ་ཕྱི་ལ་གཏོང་གི་མེད་པར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་དམ་དྲག་བྱེད་བཞིན་ཡོད་པ་སྙན་ཐོ་དེ་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་ཁང་དེས་(WION)་གསར་ལས་ཁང་ལ། རྒྱ་ནག་གཞུང་གི་སྲིད་ཇུས་དེའི་འོག་བོད་མི་རྣམས་ལ་ཕྱི་བསྐྱོད་ལག་འཁྱེར་སྤྲོད་ཀྱི་མེད་པ་དང་། དེ་ནི་བོད་མི་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཞུ་བར་དྭོགས་ནས་ཡིན་པ་གསུང་འདུག་ལ། སྙན་ཐོ་དེའི་ནང་རྒྱལ་མཚམས་བརྒལ་ནས་བསྐྱོད་མི་ཆོག་པའི་བཀག་སྡོམ་ཟེར་བ་དེ་ནི། གཙོ་བོ་བོད་མི་དང་ཡུ་གུར་བར་དམིགས་པ་ཞིག་ཡིན་ཞིང་། གལ་ཏེ། ཁྱེད་རང་བོད་མི་དང་། ཡུ་གུར་བ་ཡིན་ཚེ། ཕལ་ཆེར་ཕྱི་བསྐྱོད་ལམ་ཡིག་ལེན་ཐུབ་ཀྱི་མེད་པར་གནས་སྟངས་དཀའ་མོ་ཞིག་གི་འོག་ཏུ་ལུས་ཡོད་པ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དེའི་ཐེ་ཝན་ནང་ཡོད་པའི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་(Dinah Gardner)་ཞུ་བས་གསུང་འདུག རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་དགེ་རྒན་དང་། དེ་བཞིན་དངུལ་ཁང་སོགས་ཁེ་ལས་སྡེ་ཁག་གི་མི་སྣའི་ལམ་ཡིག་ཡར་བསྔུ་བྱས་ནས་ཁོ་ཚོ་ཕྱིའི་རྒྱལ་ཁབ་ཏུ་འགྲུལ་བཞུད་བྱེད་རྒྱུར་ཚོད་འཛིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།