རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་ཟུར་ཁག་ཅིག་ཀློད་གྲོལ་རྗེས་གཞུང་ངོས་ནས་ཁ་པར་སྤྲད་དེ་གསང་ཉན་དང་རྗེས་འདེད་སོགས་གཏོང་གི་ཡོད་འདུག

2021.11.11
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་ཟུར་ཁག་ཅིག་ཀློད་གྲོལ་རྗེས་གཞུང་ངོས་ནས་ཁ་པར་སྤྲད་དེ་གསང་ཉན་དང་རྗེས་འདེད་སོགས་གཏོང་གི་ཡོད་འདུག
RFA/ Graphic - Tenzin Dhonyoe

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ཁུལ་གྱི་ཆབ་སྲིད་བཙོན་པ་ཚོ་ཀློད་གྲོལ་བཏང་རྗེས་མངོན་ལྐོག་གཉིས་ནས་དམ་དྲག་དང་གསང་བའི་རྗེས་འདེད་སོགས་གཏོང་བཞིན་ཡོད་པ་ལྟར།ད་ལྟའི་ཆར་བོད་ནང་གི་ཆབ་སྲིད་བཙོན་པ་ཁག་ཅིག་ཀློད་གྲོལ་བཏང་རྗེས་སྲིད་གཞུང་གི་ངོས་ནས་མི་སྣ་དེ་དག་གི་གནས་ཚུལ་སྐོར་ལ་རྗེས་འདེད་གཏོང་ཐབས་སུ་གཞུང་ངོས་ནས་གོ་སྒྲིག་བྱས་པའི་ཁ་པར་ཞིག་སྤྲོད་བཞིན་ཡོད་པ་མ་ཟད།ས་གནས་གང་དུ་སོང་ན་ཁ་པར་དེ་འཁུར་དགོས་པ་ལས་རང་ངོས་ནས་ཁ་པར་རིགས་བེད་སྤྱོད་མི་ཆོག་པ་དང་།ཁ་པར་དེ་དག་བརྒྱུད་སྲིད་གཞུང་གིས་ཁོ་ཚོའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ཚང་མར་ལྟ་རྟོག་བྱེད་བཞིན་ཡོད་སྐོར།བོད་ནང་གི་མཚོ་སྔོན་དང་སི་ཁྲོན་རྔ་བ་ཕྱོགས་ཀྱི་འབྲེལ་ཡོད་ཆབ་སྲིད་བཙོན་ཟུར་ཁག་ཅིག་བརྒྱུད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོག་བྱུང་ཡོད།
གོང་ཞུས་འབྲེལ་ཡོད་ཆབ་སྲིད་བཙོན་ཟུར་གཅིག་ནས་འགྲེལ་བརྗོད་གནང་བ་ལྟར་ན།སྲིད་གཞུང་གིས་སྤྲད་པའི་ཁ་པར་དེའི་ནང་གསང་ཉན་བྱེད་སྤྱད་མཉན་ཆས་ཡོད་པ་དང་།དེ་མིན་ཁ་པར་བྱང་བུ་དེ་གཞུང་གི་སྟངས་འཛིན་མ་ལག་དང་སྦྲེལ་མཐུད་བྱས་ཏེ་གསང་ཉན་དང་ལྟ་རྟོགས་བྱེད་བཞིན་ཡོད་པ་དང།ཁ་པར་དེ་རིགས་ནང་དངུལ་སོགས་ཅི་ཡང་ལྡུག་མི་དགོས་པར་གཞུང་ངོས་ནས་སྤྲོད་བཞིན་ཡོད་ན་ཡང་།ཁ་པར་དེ་རང་གི་ལུས་པོ་དང་ཐུག་འཕྲད་ཡོད་པ་ནས་ས་གནས་གང་ཞིག་ཏུ་ཡོད་དང་མི་སུ་དང་ཐུག་འཕྲད་བྱེད་བཞིན་པ་སོགས་ཤེས་རྟོག་བྱུང་བཞིན་ཡོད་པ་དང་།གཞན་ཁྱིམ་དུ་སྡོད་སྐབས་སོགས་སུ་བར་ཐག་འཇོག་པ་དང་ཡང་ན་ཁང་པ་གཞན་ནང་བཞག་སྟེ་ཁ་བརྡ་སོགས་བྱས་པ་ཡིན་ན་དམིགས་བསལ་ཉེན་ཁ་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་ཁག་ཅིག་ཀློད་གྲོལ་བཏང་རྗེས་བདུན་རེ་དང་ཟླ་རེ་བྱས་ཏེ་ལོ་གཅིག་ནས་གཉིས་བར་ས་གནས་ཉེན་རྟོག་ཁང་དུ།རང་ཉིད་ཡོད་པའི་ངོ་བཅར་ས་ཡིག་བརྒྱབ་བཅུག་པ་དང་མི་སྣ་གཞན་དང་གང་བྱུང་ཐུག་འཕྲད་བྱེད་མི་བཅུག་པ་སོགས་ཀྱི་གནས་སྟངས་བྱུང་གི་ཡོད་པ་བཞིན།བཙན་བྱོལ་ནང་གནས་སྡོད་མིང་བརྗོད་འདོད་མེད་མཁན་ཞིག་ནས་ཁོང་དེ་སྔ་ཕྱི་ལོ་༢༠༡༧ལོར་བོད་ནང་སྐོར་སྐྱོད་དང་འབྲེལ་ཆབ་སྲིད་བཙོན་པ་ཁག་ཅིག་དང་དངོས་སུ་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་བ་དང་།སྐབས་དེར་ཁོང་ཚོ་ཚང་མའི་ལག་ཏུ་གཞུང་གིས་སྤྲད་པའི་ཁ་པར་དེ་ཡོད་པ་མ་ཟད་དམ་དྲགས་ཆེན་པོ་བྱེད་བཞིན་པ་དང་།མཚོ་སྔོན་ཕྱོགས་ནས་ཡིན་པ་ཡུན་རིང་རྒྱ་ནག་གི་བཙོན་འོག་ནས་བསྡད་མྱོང་བའི་བོད་མི་ཆབ་སྲིད་བཙོན་པ་ཁོང་དང་ཐུག་འཕྲད་བྱེད་སྐབས།ཁོང་གི་ལག་ཏུ་ཡོད་པའི་ཁ་པར་ཁང་པ་གཞན་ནང་བཞག་སྟེ་སྐད་ཆ་བཤད་པ་ལས་གསང་ཉན་བྱས་ཡོད་སྐོར་བརྗོད་བྱུང་།
གཞན་ཡང་རྒྱ་ནག་གཞུང་གིས་གཞན་ཆབ་སྲིད་བཙོན་པ་ཚོ་ཀློད་གྲོལ་བཏང་རྗེས་མི་སྣ་དེ་དག་གི་ཉེ་འཁོར་གྱི་ཕ་མ་སྤུན་མཆེད་དང་ནང་མི་སོགས་ཀྱི་ཁ་པར་བྱང་བུ་སོགས་ནས་ཐོ་འགོད་ཀྱིས་དམ་དྲགས་བྱེད་བཞིན་ཡོད་པ་དང་།བོད་ནང་གི་འབྲེལ་ཡོད་ཆབ་སྲིད་བཙོན་ཟུར་དང་འབྲེལ་བ་ཡོད་པའི་བོད་མི་ཞིག་ནས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་དོགས་གཞི་ཡོད་པའི་མི་སྣ་ཚོའི་ཁ་པར་བྱང་བུ་ཐོ་འགོད་བྱེད་བཞིན་ཡོད་པ་དང་།ང་རང་གི་ཁ་པར་ཡང་ཐོ་འགོད་ཆེད་གཞུང་ལ་ཡར་སྤྲོད་དགོས་བྱུང་སོང་ལ།ནམ་རྒྱུན་གནས་ཚུལ་མང་པོ་ཞིག་བཤད་རྒྱུར་སྟབས་བདེ་བོ་གང་ཡང་མིན་སྐོར་སོགས་བརྗོད་བྱུང་།
རྒྱ་ནག་གཞུང་གིས་དམིགས་བསལ་ཁ་པར་སྤྲོད་སའི་ཆབ་སྲིད་བཙོན་པ་དེ་དག་ནི་ཆབ་སྲིད་ཀྱི་ནག་ཉེས་གཡོག་སྟེ་འཛིན་བཟུང་བཙོན་མཇུག་བྱས་པ་ཁག་ཡིན་པ་དང་།བོད་གནས་ལྟ་ཞིབ་ཁང་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས།རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་ཟུར་ཚོར་གཞུང་ངོས་ནས་ཁ་པར་སྤྲོད་བཞིན་པའི་ལས་གཞི་དེ་ཕྱི་ལོ་༢༠༡༤ཙམ་ནས་འགོ་ཚུགས་ཡོད་པ་ཤེས་རྟོག་བྱུང་སོང་ལ།ཁོ་ཚོར་སྤྲོད་བཞིན་པའི་ཁ་པར་དེ་རིགས་ཀུ་ཤུ་ཁ་པར་༤་ཡིན་པ་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་བརྒྱུད་ནས་ཤེས་རྟོག་བྱུང་སོང་བ་མ་ཟད།ཁ་པར་དེ་རིགས་ལག་ཏུ་ཡོད་པ་ནས་གནས་ཚུལ་ཆུང་ཙག་ཙམ་ཞིག་བཤད་མི་བདེ་བའི་གནས་སྟངས་ཆགས་ཡོད་པ་དང་།ཉེ་སྔོན་རང་སི་ཁྲོན་མཛོད་དགེ་ཕྱོགས་ནས་ཀློད་གློལ་བཏང་བའི་ཆབ་སྲིད་བཙོན་ཟུར་ཞིག་གི་ལག་ཏུ་ཡང་གཞུང་གིས་སྤྲད་པའི་ཁ་པར་དེ་ཡོད་སྐོར་སོགས་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བོད་ནང་ནས་ཆབ་སྲིད་དང་འབྲེལ་ནས་འཛིན་བཟུང་བྱེད་བཞིན་པའི་བོད་མི་མང་ཆེ་བར་རྒྱལ་ཁབ་ཁ་བྲལ་དང་སྤྱོ་ཚོགས་ཟིང་སློང་ཀྱི་ལས་ཀ་བྱས་སྐོར་ནག་ཉེས་གཡོག་སྟེ་འཛིན་བཟུང་བཙོན་མཇུག་བྱེད་བཞིན་ཡོད་པ་རེད་ལ།ཆབ་སྲིད་བཙོན་པ་དེ་དག་ཀློད་གྲོལ་བཏང་རྗེས་མུ་མཐུད་འགྲོ་སྐྱོད་རང་དབང་དང་།ཆབ་སྲིད་དང་གཞུང་དང་འབྲེལ་བའི་ལས་རིགས་གང་ཡང་གཉེར་མི་ཆོག་པ་སོགས་ཀྱི་དམ་དྲག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་སྲིད་བྱུས་ལ་འགྱུར་བ་མ་བཏང་ན་ཞི་ཅིན་ཕིང་ལ་ལོ་རྒྱུས་ཀྱི་ནག་ཉེས་ཕོག་སྲིད། སྲིད་སྐྱོང་མཆོག་གིས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ནུབ་ཕྱོགས་ཡར་ཐོན་ཅན་གྱི་མང་ཚོགས་ཁྲོད་རྒྱ་ནག་ལ་བལྟ་ཚུལ་སྡུག་ཏུ་འགྲོ་བཞིན་པའི་སྙན་ཐོ་བཏོན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎