ནུབ་ཕྱོགས་ཡར་ཐོན་ཅན་གྱི་མང་ཚོགས་ཁྲོད་རྒྱ་ནག་ལ་བལྟ་ཚུལ་སྡུག་ཏུ་འགྲོ་བཞིན་པའི་སྙན་ཐོ་བཏོན་འདུག

2022.09.29
Share on WhatsApp
Share on WhatsApp
ནུབ་ཕྱོགས་ཡར་ཐོན་ཅན་གྱི་མང་ཚོགས་ཁྲོད་རྒྱ་ནག་ལ་བལྟ་ཚུལ་སྡུག་ཏུ་འགྲོ་བཞིན་པའི་སྙན་ཐོ་བཏོན་འདུག ཤིན་ཅང་ནང་ཞི་ཅིན་ཕིང་གི་པར་དང་རྒྱ་ནག་གི་དྲིལ་བསྒྲགས་སྦྱར་བྱང་། ༠༣།༢༡།༢༠༢༡
AP

ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་མི་མང་ཚོས་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་དབང་འོག་རྒྱ་ནག་ལ་བལྟ་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ཉམས་ཞིབ་ལྟེ་གནས་ཁང་ཞིག་གིས་སྙན་ཐོ་བཏོན་འདུག
དེ་ཡང་(Reuters)་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། (Pew Research Center)་ཞེས་པའི་ཨ་རིའི་ཞིབ་འཇུག་ཁང་གིས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་ནས་ཉེ་ཆར་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་དུ། ཨ་རིའི་ནང་བསམ་ཚུལ་དྲིས་པའི་མི་འབོར་གྱི་བརྒྱ་ཆ་༨༢ཡིས་རྒྱ་ནག་ལ་བལྟ་ཚུལ་ཡག་པོ་མེད་པ་གྱུར་ཡོད་པ་དང་། དེ་ནི་༢༠༢༠ལོའི་སྔོན་དང་བསྡུར་ན་བལྟ་ཚུལ་ཡག་པོ་མེད་པ་བརྒྱ་ཆ་༣མང་དུ་ཕྱིན་ཡོད་པ་རེད་འདུག དེ་བཞིན་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གནད་དོན་ཐོག་འཛུབ་སྟོན་ཡག་པོ་ཞིག་བྱེད་མིན་ཐད་ལྷོ་ཀོ་རི་ཡའི་མི་མང་བརྒྱ་ཆ་༨༧གྱིས་ཡིད་ཆེས་མེད་པ་གསལ་ཡོད་པ་དང་། དེ་ནི་༢༠༡༥ལོ་དང་བསྡུར་སྐབས་ཡིད་ཆེས་མེད་པ་བརྒྱ་ཆ་༦༠ཙམ་མང་དུ་ཕྱིན་ཡོད་པ་རེད། ཡང་དབྱིན་ཡུལ་གྱི་མི་མང་བརྒྱ་ཆ་༧༠ཙམ་གྱིས་བལྟ་ཚུལ་དེ་དང་གཅིག་པ་ཡིན་པ་དེ་ནི། ༢༠༡༤ལོར་དང་བསྡུར་ན་བརྒྱ་ཆ་༣༠ལྷག་ཙམ་མང་དུ་ཕྱིན་ཡོད་པ་རེད་འདུག
དེ་ནི་༢༠༡༩ལོར་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་ཚོད་འཛིན་བྱེད་སྟངས་དང་། རྒྱ་ནག་དང་ཨ་རི་བར་ཚོང་དམག་དང་དེ་བཞིན་རྒྱ་ནག་གི་མདུང་རྩེ་ཁ་སྤྲོད་ཀྱི་ཕྱི་འབྲེལ་སྲིད་ཇུས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དམག་དོན་རྟེན་གཞི་བཙུགས་པ་བཅས་ཀྱི་རྐྱེན་པས་རྒྱ་ནག་ལ་བལྟ་ཚུལ་འཛིན་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་གསལ་འདུག
མི་མང་གི་བསམ་ཚུལ་བསྡུ་ལེན་གྱི་ཉམས་ཞིབ་མཁན་གཙོ་བོ་(Laura Silver)་ཡིས་རོའུ་ཊར་གསར་ཁང་ལ་བརྗོད་པར། ཕྱོགས་ཡོངས་ནས་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ནང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་འཛམ་གླིང་གི་གནད་དོན་ཡང་དག་གིས་སྣེ་ཁྲིད་འཛུབ་སྟོན་ཐུབ་རྒྱུར་གདེངས་ཚོད་ཧ་ཅང་ཆུང་ཆུང་ཡིན་པའི་ཐོག་རྒྱ་ནག་རྒྱལ་ཁབ་ལ་བལྟ་ཚུལ་དེ་ཇེ་སྡུག་དུ་ཕྱིན་འདུག རྒྱུ་མཚན་དེར་བརྟེན་ནས་ཡར་ཐོན་རྒྱལ་ཁབ་ཨོསི་ཊརེ་ལི་ཡ་དང་། ཁེ་ཎ་ཌ། ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱིས་རྒྱ་ནག་ལས་ཀྱང་ཨ་རི་དང་མཉམ་དུ་ཚོང་འབྲེལ་ཇེ་ཟབ་ཏུ་གཏོང་བཞིན་པ་བརྗོད་འདུག
སྙན་ཐོའི་ནང་བྱང་ཨ་མི་རི་ཀ་དང་ཡོ་རོབ་ཡུལ་གྲུ་ཁག་གི་མི་མང་ཚོས་རྒྱ་ནག་དང་ཕྱི་འབྲེལ་སྐབས་སུ། དཔལ་འབྱོར་འབྲེལ་ལམ་ལས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་ཆེ་བར་བརྩི་དགོས་པ་བསམ་ཚུལ་ནང་གསལ་ཡོད་པ་རེད། འོན་ཀྱང་ཨི་སི་རེ་ལའི་དང་། མའ་ལེ་ཤེ་ཡ། སེང་ཀ་པུ། ལྷོ་ཀོ་ར་ཡ་བཅས་ནང་མི་མང་མང་ཆེ་བས་རྒྱ་ནག་དང་མཉམ་དུ་དཔལ་འབྱོར་གྱི་འབྲེལ་བ་ཤུགས་ཆེ་རུ་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད་འདུག གཟའ་ལྷག་པའི་ཉིན་བཏོན་པའི་སྙན་ཐོ་དེའི་སྐོར་རྒྱ་ནག་ཕྱི་འབྲེལ་ལས་ཁང་གི་མགྲིན་ཚབ་པ་(Wang Wenbin)་ལ་རྒྱུན་གཏན་གསར་འགོད་ལྷན་ཚོགས་སྐབས་སྐད་ཆ་དྲིས་དུས། ཁོང་གིས་མི་མང་གི་བསམ་ཚུལ་དེ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཉུང་ཤས་ཤིག་ནང་བསྡུས་པ་ཞིག་དང་། དེས་ཡར་རྒྱས་འགྲོ་བཞིན་པའི་འཛམ་གླིང་གི་མི་འབོར་བརྒྱ་༩༠ཡོད་པའི་ཡུལ་གྲུ་མང་ཆེ་བའི་བསམ་ཚུལ་མཚོན་ཐུབ་ཀྱི་མ་རེད། ཅེས་དང་། ད་དུང་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་རྒྱ་ནག་མི་དམངས་དུང་ཕྱུར་༡༤ཡིས་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་མཚན་སྙན་ཆེན་པོ་ཡོད་རེད་ཅེས་ལན་འདེབས་བྱས་ཡོད་འདུག

གསར་འགོད་པ། ཚེ་བརྟན་རྡོ་རྗེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎