རྒྱ་ནག་གཞུང་གིས་བྲག་འགོ་དགོན་ནས་སླར་ཡང་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཞིག་གཏོར་བཤིག་བཏང་ཡོད་འདུག

2022-01-10
Share

བྲག་འགོ་དགོན་དགའ་ལྡན་རྣམ་རྒྱལ་གླིང་གི་འདུ་ཁང་ཉེ་འགྲམ་གྱི་བྱམས་ཆེན་ལྷ་ཁང་དང་སྐུ་བརྙན་གཏོར་བཤིག་མ་བཏང་གོང་དང་གཏོར་བཤིག་བཏང་ཟིན་པའི་རྗེས།

རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་ཕྱི་ལོ་༢༠༢༡ལོའི་ཟླ་༡༢་ནས་འགོ་ཚུགས་ཏེ་བྲག་འགོ་དགོན་དགའ་ལྡན་རྣམ་རྒྱལ་གླིང་གི་འདུ་ཁང་ཉེ་འགྲམ་དུ་ཡོད་པའི་མཐོ་ཚད་ལ་ཐོག་བརྩེགས་གསུམ་ཡོད་པའི་བྱམས་ཆེན་སྐུ་བརྙན་ཞིག་གཏོར་བཤིག་བཏང་ཡོད་པ་མ་ཟད། བོད་མི་ཚོར་སྔར་བཞིན་དམ་དྲག་དང་ཕྱི་ལ་གནས་ཚུལ་སྤྲད་སྐོར་དང་རྣམ་འགྱུར་ཡག་པོ་མེད་སྐོར་བརྗོད་ནས་འཛིན་བཟུང་རྡུང་རྡེག་ཤུགས་ཆེར་གཏོང་གི་ཡོད་པ་དང་། བོད་མི་ཚོར་གང་བྱུང་རྡུང་རྡེག་དང་མནར་གཅོད་གཏོང་མཁན་ཁྲོད་བྲག་འགོ་རྫོང་དམར་ཤོག་དྲུང་ཆེ་ཝང་ཏུང་ཧྲིན་ཟེར་བ་ཁོ་རང་དངོས་སུ་མཉམ་ཞུགས་བྱས་ཡོད་སྐོར། བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཐེངས་འདིར་བྱམས་ཆེན་སྐུ་བརྙན་གཏོར་བཤིག་གཏོང་དོན་དགོན་པའི་ནང་མེ་དང་རང་བྱུང་གི་འཇིགས་པ་རིགས་བྱུང་ཚེ། མྱུར་སྐྱོབས་ཀྱི་ལམ་ཁ་མེད་སྐོར་ལ་ཁ་གཡར་ཡོད་ན་ཡང་། གནས་ཚུལ་དེ་རིགས་བདེན་པ་གང་ཡང་མིན་པར་ཆོས་ལུགས་དད་མོས་ལ་དམ་དྲག་ཡིན་པ། ས་གནས་མི་མང་ཚོས་ཁ་འདོན་དགེ་སྒྲུབ་བྱེད་སའི་དགོན་པའི་ཉེ་འདབས་ཀྱི་མ་ཎི་ལག་འཁོར་གྲངས་༤༥དང་སྟོན་པའི་སྐུ་བརྙན་སོགས་གཏོར་བཤིག་གཏོང་སྐབས་རྒྱུ་མཚན་གང་ཡང་མེད་པ་དང་། གཞན་ཡང་གྲོང་སྡེ་ཁག་ཏུ་མ་ཎི་དར་ལྕོག་དང་སྒོ་དར་རིགས་བཙན་ཐབས་ཀྱིས་མར་ཕབ་བཅུག་ནས་མེར་སྲེག་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བྲག་འགོ་རྫོང་དུ་སྟོན་པའི་སྐུ་བརྙན་མ་གཏོར་སྔོན་དགོན་པའི་མཁན་པོ་དཔལ་དགའ་གཙོས་དགེ་འདུན་ཁག་ཅིག་འཛིན་བཟུང་བཙན་ཁྲིད་དང་། དེའི་རྗེས་ས་གནས་ཡུལ་མི་དྲུག་ཙམ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། ད་ལྟའི་ཆར་བོད་མི་དེ་དག་ཀློད་གྲོལ་བཏང་ཡོད་མེད་ཐད་གསལ་ཁ་གང་ཡང་མེད་པ་མ་ཟད། ས་གནས་སུ་དམ་དྲག་ཤུགས་ཆེར་བྱས་སྟབས་གནས་ཚུལ་རིགས་ཕྱི་ལ་ཇི་བཞིན་མཁོ་སྤྲོད་ཐུབ་རྒྱུར་དཀའ་ཁག་ཆེན་པོ་ཡོད་སྐོར། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཚོས་འགྲེལ་བརྗོད་གནང་བྱུང་ལ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། རྒྱ་ནག་གཞུང་གིས་མུ་མཐུད་ནས་བོད་མིའི་ཐོག་ལ་དྲག་གནོན་དང་ཆོས་དད་རང་དབང་ཐད་ལ་དམ་དྲག་བྱས་པ་ཡིན་ན། དེས་འབྱུང་འགྱུར་བོད་རྒྱ་གཉིས་བར་གྲོས་མོལ་ལས་ཀྱང་འཁོན་འཛིན་ཇེ་ཆེར་འགྲོ་རྒྱུ་ཡིན་སྐོར་གསུངས་སོང་།
ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་ནས་ད་ལྟའི་ཆར་ཆེས་དཀའ་ཁག་བྱུང་བཞིན་པ་དེ་ས་གནས་ཡུལ་མི་ཚོ་གང་བྱུང་འཛིན་བཟུང་བཅར་རྡུང་དང་། མནར་གཅོད་རིགས་ཤུགས་ཆེར་གཏོང་བཞིན་ཡོད་པ་མ་ཟད། དམར་ཤོག་དྲུང་ཆེ་ཝང་ཏུང་ཧྲིན་ཟེར་བ་ཁོ་རང་དངོས་སུ་བོད་མི་ཚོ་བརྡུང་རྡེག་ནང་ཞུགས་ཏེ། བོད་པ་ཚོར་ག་རེ་བྱ་དགོས་པ་ངས་ཤེས་པ་རེ་སོགས་བཤད་དེ་མནར་གཅོད་རིགས་འདྲ་མིན་བཏང་བས། འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་མི་མང་ཆེ་བ་དྲན་མེད་དུ་བརྒྱལ་ནས་ཕྱི་ལ་ཁྲིད་ཡོང་གི་ཡོད་པ། ས་གནས་བོད་མི་ཚོས་དངོས་མཐོང་བྱུང་ཡོད་པ་དང་། ཕྱི་ཕྱོགས་སུ་ཡོད་པའི་ཚོགས་སྡེ་ཁག་དང་བོད་མི་ཚོས་གནས་ཚུལ་དེ་རྒྱལ་སྤྱིའི་སྟེང་དོ་སྣང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་བརྗོད་བྱུང་།
ཐེངས་འདིར་བྲག་འགོ་རྫོང་དུ་དགོན་གྲོང་གཉིས་ཀྱི་ཆོས་ལུགས་དད་མོས་ཐད་དམ་དྲག་བྱེད་མཁན་གཏེ་བོ་དེ། ཉག་རོང་ནས་ཡིན་སྐྱེས་པའི་བོད་རིགས་དམར་ཤོག་དཔོན་རིགས་ཝང་ཏུང་ཧྲིན་ཟེར་བ་ཡིན་པ་དང་། ཁོ་སྔར་ལོའི་ཕྱི་ཟླ་༡༠ནང་བྲག་འགོ་རྫོང་དམར་ཤོག་དྲུང་ཆེར་བསྐོས་ཡོད་པ་དང་། སྐབས་དེར་ཁོས་བྱ་བ་གང་ཞིག་བསྒྲུབ་འདོད་ན་དེ་ལ་རྒྱ་ནག་དབུས་གཞུང་གི་རྒྱབ་སྐྱོར་ཡོད་ཟེར་བའི་སྐད་ཆ་ཞིག་བཤད་ཡོད་པ་མ་ཟད། ཟླ་ཤས་ལས་མ་འགོར་བར་བྲག་འགོ་རྫོང་ནས་དགོན་པའི་སློབ་གྲྭ་དང་སྟོན་པའི་སྐུ་བརྙན་སོགས་གཏོར་བཤིག་དང་། བོད་མི་ཚོས་ཆོས་དད་ཐད་དམ་དྲག་བྱེད་མགོ་ཚུགས་ཡོད་པ་རེད་ལ། ཁོས་དེ་སྔ་གསེར་རྟ་རྫོང་ནས་དམར་ཤོག་ཚོགས་པའི་དྲུང་ཆེ་དང་རྫོང་དཔོན་སོགས་ཀྱི་ལས་གནས་གཉེར་སྐབས། གསེར་རྟ་བླ་རུང་དགོན་གཏོར་བཤིག་དང་གྲྭ་བཙུན་མང་པོ་ཕྱིར་ཕུད་སོགས་ཆོས་ལུགས་ཐད་དམ་དྲག་ཤུགས་ཆེར་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།