རྒྱ་ནག་གཞུང་གིས་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ལ་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་མི་མང་གི་མཆོད་མཇལ་ལ་དམ་དྲག

2025.02.13
རྒྱ་ནག་གཞུང་གིས་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ལ་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་མི་མང་གི་མཆོད་མཇལ་ལ་དམ་དྲག སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་མཇལ་ལ་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པས་དམ་དྲག་བྱེད་བཞིན་པ། ༢༠༢༥/༢/༡༢ ཉིན།
མི་སེར་གྱི་འདྲ་པར།

ཟླ་ ༢ ཚེས་ ༡༢ ལུགས་རྙིང་ལོ་སར་རྗེས་མདོ་སྨད་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཁག་ཏུ་སྨོན་ལམ་དང་གར་འཆམ་སོགས་ཀྱི་ཆོས་ལུགས་བྱེད་སྒོ་འཚོག་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་དང་བསྟུན། མི་མང་ཁྲོད་དྲག་ཆས་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས། མི་མང་གི་འགྲོ་འདུག་ལ་ཞིབ་བཤེར་དང་དམ་དྲག་ཤུགས་ཆེ་བྱས་ཡོད་པ་དང་། སྤྱིར་དེང་སྐབས་བོད་མི་ཚོ་འདུ་འཛོམས་བྱ་ཡུལ་དུ་དམག་མི་དང་ཉེན་རྟོག་པ་མེད་པའི་གནས་ཤིག་མེད་པ་དང་། སྐུ་འབུམ་དགོན་པའི་ཉེ་འགྲམ་གྱི་རྒྱ་ནག་གཞུང་འབྲེལ་གྱི་ཁང་བརྩེགས་ཁག་གི་ཐོག་ཁར་དམག་མིས་མེ་མདའ་བཟུང་ནས་སོ་ལྟ་བྱས་ཡོད་པ་མ་ཟད། ཉེན་རྟོག་པས་བཙན་ཤེད་ཀྱིས་རྗེས་འདེད་བྱས་ཏེ་མེ་ཏོག་མཆོད་པར་ཡག་པོ་ཞིག་མཇལ་བཅུག་གི་མེད་སྐོར། སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་དུ་ཕྱིན་མྱོང་མཁན་འབྲེལ་ཡོད་བོད་མི་གཉིས་ནས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ནས་ཐོན་པའི་བརྙན་ནང་དུ། སྐུ་འབུམ་དགོན་པའི་མཇལ་སྐོར་བྱ་ཡུལ་དང་མེ་ཏོག་མཆོད་མཇལ་གྱི་ས་གནས་ཚང་མར་ཉེན་རྟོག་པ་དང་དྲག་ཆས་དམག་གིས་སྐོར་ཡོད་པ་མ་ཟད། ཞིབ་བཤེར་ས་ཚིགས་ཆེད་འཛུགས་ཀྱིས་མི་མང་རྣམ་ལྕགས་ཀྱི་ར་བའི་ནང་བང་སྒྲིག་ནས་གཏོང་བཞིན་པ་སོགས་མཐོང་རྒྱུ་འདུག་ལ། སྤྱི་ཚོགས་དྲ་ལམ་དུ་མི་མང་དག་ཅིག་གིས་ཉེན་རྟོག་པས་བཀག་བསྡོམས་དང་། བཙན་ཤེད་རྐྱེན་གྱིས་མཆོད་མཇལ་ཡག་པོ་མ་ཐུབ་པར་བློ་འགྱོད་ཡོད་པའི་སྐད་ཆ་བཤད་མཁན་མང་དག་ཅིག་ཡོད་པ་དང་། ཡང་འབྲེལ་ཡོད་གཞན་དེས་ཉེན་རྟོག་པས་ཁྲོད་དངོས་སུ་མཐོང་ཐུབ་པ་དང་མི་ཐུབ་པ་གཉིས་ཀ་འདུག་ཞེས། ཉེན་རྟོག་སྒྲིག་ཆས་གྱོན་ཡོད་པ་དང་མ་གྱོན་མཁན་གཉིས་ཀ་ཡོད་སྐོར་དང་། སྐུ་འབུམ་དགོན་གཅིག་པུ་ཙམ་མ་ཡིན་པར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་གོས་སྐུ་བཤམ་པའི་ཉིན་མོ་དང་། ང་རང་གིས་ཤེས་རྟོགས་བྱུང་བ་རེབ་གོང་རོང་བོ་དགོན་པ། རྔ་བ་སྒོ་མང་དགོན་སོགས་ནས་དམག་མི་དང་ཉེན་རྟོག་པས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་བརྙན་མང་དག་ཅིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བཞིན་ཡོད་པ་ལས། བརྙན་དེ་དག་གི་འོག་ཏུ་ཞབས་མཆན་འགོད་མཁན་ཁྲོད་དུ་སྐུ་འབུམ་དགོན་དང་མེ་ཏོག་མཆོད་པར་མཇལ་ཆེད། དད་ལྡན་མང་པོ་ཞིག་ས་ཐག་རིང་པོ་ནས་ཆེད་དུ་ཡོང་ཡོད་དེ་ཉིན་རྒྱབ་ཆུ་ཚོད་ ༤ ནས་ཕྱི་དྲོའི་ཆུ་ཚོད་ ༨ བར་བང་སྒྲིག་ན་ཡང་། མེ་ཏོག་མཆོད་པའི་ཉེ་འགྲམ་དུ་བསླེབས་པ་དང་། ཉེན་རྟོག་པས་མཐའ་སྐོར་དང་བཙན་ཤེད་ཁོ་ན་བྱས་པས། ང་རང་དང་ནང་མི་ཚོས་མེ་ཏོག་མཆོད་པའི་ཆ་ཤས་ཆུང་ཆུང་གཉིས་ལས་ལྟ་ཐུབ་མ་སོང་བ་དང་། གནས་སྟངས་དེ་ནི་དད་ལྡན་མི་མང་ལ་གུས་བརྩི་མེད་པའི་བྱེད་སྟངས་ཤིག་ཡིན་པ་བརྗོད་པ་སོགས་མཐོང་རྒྱུ་འདུག ཡང་དྲ་མང་གཞན་ཞིག་ནས་མེ་ཏོག་མཆོད་པ་ཧ་ལས་པ་ཡག་པོ་ཡོད་ན་ཡང་། ཉེན་རྟོག་པས་བཀོད་སྒྲིག་བྱེད་སྟངས་དེས་མི་མང་ལ་མཇལ་ཁ་ཡག་པོ་ཞིག་ཀྱང་ཡོང་བཅུག་གི་མི་འདུག་ཅེས་དང་། གཞན་ཞིག་ནས་མེ་ཏོག་མཆོད་པའི་ཆེད་ཆུ་ཚོད་ ༡༠ རིང་བང་སྒྲིག་རྗེས། ཆ་ཤས་ཆུང་ཆུང་ཞིག་པར་བཞི་ཙམ་ལས་བརྒྱབ་ཐུབ་མ་སོང་སོགས་བཀོད་འདུག

རྗེ་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་དམིགས་བསལ་བ་ཆགས་ཡོད་པས། མདོ་སྨད་ཕྱོགས་སུ་ལོ་ལྟར་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ལ་ཆེད་དུ་འགྲོ་མཁན་མི་མང་འབོར་ཆེན་ཡོད་པ་རེད་ལ། སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་དེ་དགོན་དེའི་སྒོ་མང་གྲྭ་ཚང་དང་རྗེ་བཙུན་གྲྭ་ཚང་གཉིས་བར་གསང་བའི་ཐོག་ཟླ་ཤས་རིང་གྲ་སྒྲིག་གནང་གིན་ཡོད་པ་དང་། སྐུ་འབུམ་དགོན་པའི་སྐད་འཕྲིན་འཕྲིན་སྟེགས་སྟེང་ངོ་སྤྲོད་བྱས་བ་ལྟར་ན། ཕྱི་ལོ་ ༢༠༢༥ ལོའི་སྒོ་མང་འཛིན་གྲྭས་བཞེངས་པའི་མར་བཟོས་མེ་ཏོག་མཆོད་པའི་གཙོ་སྐུ་ནི་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིན་ལ། དེའི་ཟུར་རྒྱན་གྱི་མཆོད་པ་ནི་བྱམས་པ་དང་བརྩེ་བའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས་མི་ཡི་རྣམ་རོལ་རྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་རྨད་དུ་བྱུང་བ་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ཞེས་བྱ་བ་དེ་ཉིད་བཞེངས་བསྐྲུན་བྱས་ཡོད་པ་དང་། དེ་བཞིན་འདི་ལོའི་རྗེ་བཙུན་འཛིན་གྲྭས་བཞེངས་པའི་མར་བཟོས་མེ་ཏོག་མཆོད་པའི་གཙོ་སྐུ་ནི་དགའ་ལྡན་ལྷ་བརྒྱའི་གཙུག་རྒྱན་དམ་པ་རྗེ་བཙུན་བྱམས་པ་མགོན་པོ་ཡིན་ལ། དེའི་ཟུར་རྒྱན་གྱི་མཆོད་པ་ནི་སྔོན་རྒྱལ་བའི་ཁབ་ཀྱི་ཁྱིམ་བདག་ཤིན་ཏུ་བཟང་དང་ཆུང་མ་བཟང་མོ་གཉིས་ཀྱི་སྲས་མེ་སྐྱེས་སམ་འཕགས་པ་གནས་བརྟན་ཡན་ལག་འབྱུང་གི་ངོ་མཚར་བའི་མཛད་རྣམ་བསོད་ནམས་ལྷ་ཡི་དཔལ་སྟེར་ཞེས་བྱ་བ་དེ་ཉིད་བཞེངས་བསྐྲུན་བྱས་ཡོད་སྐོར་བཅས་བཀོད་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎