ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པས་མི་གཉིས་གསང་ཉུལ་གྱི་དོགས་གཞིའི་འོག་འཛིན་བཟུང་།

2020-08-26
གློག་འཕྲིན།
མཆན།
Share
པར་བཀོད།
 རྒྱ་མི་(Luo sang)་ཞེས་པའི་པར།
རྒྱ་མི་(Luo sang)་ཞེས་པའི་པར།
དྲ་བཤུས། IT

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པས་མི་གཉིས་གསང་ཉུལ་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་བའི་རྗེས་༧གོང་ས་སྐུ་ཕྱྭའི་སྲུང་སྐྱོབ་སྔར་ལས་ཚགས་ཚུད་དང་དོ་ནན་དུ་བཏང་འདུག
འདི་ཚེས་༢༤་ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པས་སྦིར་ཅོན་ཏ་ར་ས་གནས་སུ། ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསང་ཉུལ་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་ཅར་ལི་པེང་ངམ་ལའོ་སང་ཟེར་བ་དེ་དང་། ཁྲིམས་མཐུན་དངུལ་ཁང་མ་བརྒྱུད་པར་དངུལ་ཕར་གཏོང་ཚུར་ལེན་གྱི་འབྲེལ་བ་ཡོད་པའི་དོགས་གཞི་ཅན་གྱི་མི་གཉིས་འཛིན་བཟུང་བྱས་ཡོད་པ་མ་ཟད། དེའི་ནང་གི་གཅིག་བོད་རིགས་ཤིག་ཡིན་པའི་དོགས་པ་བྱེད་ཀྱི་འདུག
གནས་ཚུལ་དེ་དང་འབྲེལ་བའི་སྐོར་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐཱ་ཀོར་ (Jai Ram Thakur)་མཆོག་གིས་རྒྱ་གར་གྱི་གསར་ལམ་ཁག་ལ། ཉེ་ལམ་ལྡི་ལིར་ཁྲལ་བསྡུ་ལས་ཁང་ནས་འཛིན་བཟུང་བྱས་པའི་རྒྱ་མི་ལའོ་སང་ཟེར་བ་དེ་དང་ཁྲིམས་མཐུན་དངུལ་ཁང་མ་བརྒྱུད་པའི་ཐོག་ནས་དངུལ་ཕར་སྤྲོད་ཚུར་ལེན་དང་འབྲེལ་བ་ཡོད་པའི་དོགས་གཞི་ཅན་ལན་ཧོ་(Len Hu)་ཟེར་བ་ཞིག་དང་། བསོད་ནམས་དབང་འདུས་ཟེར་བ་ཞིག་ཧི་མ་ཅལ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཏེ། གསང་བའི་ལས་ཁུངས་ནས་ཞིབ་བཤེར་འདྲི་རྩད་བྱེད་བཞིན་ཡོད་ལ། ལན་ཧོ་ཞེས་པའི་བུད་མེད་དེ་རྒྱ་མི་ཞིག་ཡིན་པ་ངོས་འཛིན་ཐུབ་ཡོད་ཀྱང་། བསོད་ནམས་དབང་འདུས་མི་རིགས་ག་རེ་ཡིན་ཁ་གསལ་འགྲེལ་བརྗོད་གང་ཡང་གནང་མིན་འདུག ལའོ་སང་ཟེར་བ་དེ་དང་མི་དེ་གཉིས་ཀྱི་བར་(SK Traders)་ཞེས་པའི་ཚོང་པའི་མིང་ཐོག་བརྒྱུད་དངུལ་བཏང་ཡོད་པ་ར་འཕྲོད་བྱུང་ཡོད་ཅེས་གསུང་གནང་འདུག
ཡང་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་མོ་དེའི་ལས་འགན་གཙོ་བོ་ཞིག་ནི། ༧གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་དེ་ཡིན་ཚུལ་འདུག་པས་ད་ལྟ་འདྲི་ཞིབ་བྱེད་མུས་ཡིན་པ་དང་། ཧི་མ་ཅལ་མངའ་སྡེའི་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་སྔར་ལས་ཚགས་ཚུད་དང་དོ་ནན་བྱ་དགོས་པའི་བཀོད་མངགས་གནང་ཡོད་སྐོར་གསུངས་འདུག
གནས་ཚུལ་འདིའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་བཅའ་འདྲི་ཞུས་སྐབས། ཁོང་གིས་རྒྱ་མི་ལའོ་བཟང་ངམ་ཅར་ལེ་པེང་གི་སྔ་རྗེས་ཀྱི་གནས་ཚུལ་ཚང་མ་བདེ་སྲུང་ལས་ཁུངས་ལ་རྒྱུས་མངའ་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་གིས་ཞིབ་འཇུག་ནན་པོ་གནང་བཞིན་ཡོད་པའི་སྐབས་འདིར་ཞིབ་ཕྲའི་གནས་ཚུལ་བཤད་མི་དགོས་བ་དང་།  ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་ཐོག་ལ་མང་ཚོགས་ནས་ཐུགས་ཚབས་གནང་དགོས་པ་གནས་ཚུལ་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་གི་འདུག
འབྲེལ་ཡོད་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་མི་བེུད་དེའི་བཟའ་ཟླ་འཇར་མན་བ་ཞིག་ཡོད་པ་ཁོང་གཉིས་སྦིར་ཁུལ་དུ་ཡུན་རིང་བསྡད་ཡོད་པ་དང་། བསོད་ནམས་དབང་འདུས་ཀྱི་སྐོར་ལ་གནས་ཚུལ་ཞིབ་ཕྲ་མི་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།