ཆོས་དབྱིངས་སྐྱིད་ལགས་ལོ་རྒྱུས་སྟེང་ཨོ་ལིམ་པིཀསི་གསེར་གྱི་རྟགས་མ་ལེན་མཁན་བོད་མི་ཐོག་མར་གྱུར།

2023.10.06
ཆོས་དབྱིངས་སྐྱིད་ལགས་ལོ་རྒྱུས་སྟེང་ཨོ་ལིམ་པིཀསི་གསེར་གྱི་རྟགས་མ་ལེན་མཁན་བོད་མི་ཐོག་མར་གྱུར། ཆོས་དབྱིངས་སྐྱིད་ལགས་ཀྱིས་༢༠༡༢་ལོར་ཟངས་ཀྱི་རྟགས་མ་ལེན་དུས་དང་༢༠༢༣ལོར་གསེར་གྱི་རྟགས་མ་ལེན་དུས།
སྒྲིག་བཟོ། / REUTERS

བོད་ཀྱི་བུད་མེད་འདུར་རྒྱུག་ལུས་རྩལ་བ་ཆོས་དབྱིབས་སྐྱིད་ལགས་ཀྱིས་ཨེ་ཤ་ཡའི་ཕོ་མོ་མཉམ་བསྲེས་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་བླངས་ཡོད་པ་དང་། དེ་བཞིན་དེ་སྔོན་ལོན་ཊོན་ཨོ་ལིམ་ཕིག་བུད་མེད་འདུར་རྒྱུགས་འགྲན་བསྡུར་ནང་གསེར་གྱི་གཟེངས་རྟགས་དེ་ཡང་ཁོ་མོ་ལ་གསབ་སྤྲོད་གནང་ནས་གསེར་གྱི་རྟགས་མ་གཉིས་དུས་གཅིག་ལ་ཐོབ་འདུག
བོད་ཀྱི་བུད་མེད་འདུར་རྒྱུག་ལུས་རྩལ་བ་ཆོས་དབྱིབས་སྐྱིད་ལགས་ཀྱིས་སྤྱི་ཟླ་༡༠་པའི་ཚེས་༤ཉིན། རྒྱ་ནག་ཧོང་ཀྲུག་གྲོང་ཁྱེར་ནང་ཚོགས་བཞིན་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་བསྡུར་གྱི་སྤྱི་ལེ་༣༥ཡི་ཕོ་མོ་མཉམ་བསྲེས་ཀྱི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་གསེར་གྱི་གཟེངས་རྟགས་བླངས་བ་དང་། དེ་དང་ལྷན་དུ་ཚེས་༥ཉིན་གྱི་དགོང་མོར་ཨེ་ཤེ་ཡའི་ལུས་རྩལ་འགྲན་བསྡུར་མཇུག་སྒྲིལ་སྐབས། ཆོས་དབྱིངས་སྐྱིད་ལགས་སུ་དེ་སྔོན་༢༠༡༢ལོར་ལོན་ཌོན་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་སྐབས་སྤྱི་ལེ་༢༠་བུད་མེད་འདུར་རྒྱུག་འགྲན་བསྡུར་སྐབས་ཟངས་ཀྱི་རྟགས་མ་བླངས་བ་དེ་གསེར་གྱི་རྟགས་མ་ལ་རྗེས་གསབ་བྱས་ནས་དངོས་སུ་སྤྲད་ཡོད་པ་དང་ཆོས་དབྱིངས་སྐྱོད་ལགས་ཀྱིས་གསེར་གྱི་གཟེངས་རྟགས་དེ་མིག་ཆུའི་ཁྲོད་ནས་བླངས་འདུག དེ་ནི་ཆོས་དབྱངས་སྐྱིད་ལགས་ཀྱིས་སྤྱི་ལོ་༢༠༡༢་ལོར་ཨོ་ལིམ་པིཀསི་སྤྱི་ལེ་༢༠འི་འདུར་རྒྱུགས་འགྲན་བསྡུར་སྐབས་ཆུ་ཚོད་༡་དང་སྐར་མ་༢༥་སྐར་ཆ་༡༦་གྱིས་ཨེ་ཤེ་ཡའི་ལོ་རྒྱུས་ཟིན་ཐོ་བཀོད་ནས་ཟངས་ཀྱི་གཟེངས་རྟགས་རག་ཡོད་པ་དང་། ར་ཤེ་ཡའི་(Russia)་བུད་མེད་འདུར་རྒྱུག་པ་གཉིས་ལ་གསེར་དང་དངུལ་གྱི་རྟགས་མ་རག་ཡོད་ན་ཡང་། རྗེས་སུ་ཁོ་གཉིས་ཀྱིས་འགྲན་བསྡུར་སྐབས་སྨན་རྫས་བེད་སྤྱོད་བྱས་ཡོད་པ་ཤེས་རྟོགས་བྱུང་སྟེ། གཟེངས་རྟགས་དེ་གཉིས་རྩིས་མེད་བཏང་བ་དང་། ཆོས་དབྱིངས་སྐྱིད་ལགས་སུ་གསེར་གྱི་རྟགས་མ་ཐོབ་པ་བསྒྲགས་ཡོད་ཀྱང་། ད་ཆ་མི་ལོ་༡༡་གི་རྗེས་ཁོང་མོར་ཨོ་ལིམ་པིཀསི་གསེར་གྱི་རྟགས་མ་རྗེས་གསབ་བྱས་ནས་དངོས་སུ་སྤྲད་ཡོད་པ་རེད་འདུག

choeying kyi gold.jpg
དེ་ལྟར་ན་ཁོ་མོ་ནི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨོ་ལིམ་པིཀསི་ལུས་རྩལ་འགྲན་ཚོགས་གཉིས་ཀྱི་ནང་གསེར་གྱི་གཟེངས་རྟགས་དུས་གཅིག་ལ་རག་པའི་ལུས་རྩལ་བ་དེ་ཆགས་ཡོད་པ་དང་། ལོ་རྒྱུས་སྟེང་ཨོ་ལིམ་པིཀསི་གསེར་གྱི་རྟགས་མ་ལེན་མཁན་བོད་མི་ཐོག་མ་དེ་ཆགས་ཡོད་པ་རེད།

choeying kyi2.jpg
ཆོས་དབྱིངས་སྐྱིད་ལགས་སུ་གསར་འགོད་པ་ཞིག་གིས་རྟགས་མ་ལེན་སྐབས་ཁྱེད་ངུ་དོན་གང་ཡིན་ནམ་ཞེས་དྲིས་སྐབས། ཁོ་མོས་རྟགས་མ་ལེན་སྐབས་མིག་ཆུ་དབང་མེད་དུ་ཤོར་བ་ནི་དགའ་ངུ་ཤོར་བ་མིན་པར། གསེར་གྱི་རྟགས་མ་འདི་སྤྲོད་རྒྱུའི་དུས་ཚོད་ཧ་ཅང་འཕྱི་དྲགས་པ་དང་དེར་ཁོ་མོ་བློ་ཕམ་ཆེ་ཚུལ་བརྗོད་འདུག
ཆོས་དབྱིངས་སྐྱིད་ལགས་ནི་༡༩༩༠ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་འམ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཞིང་། རྒྱལ་སྤྱིའི་ཨོ་ལིམ་པིཀསི་འགྲན་ཚོགས་སྟེང་གསེར་གྱི་བྱ་དགའ་ལེན་མཁན་གྱི་བོད་པ་ཐོག་མ་དེ་ཡིན་པ་དང་། ཁོང་༢༠༡༠ནང་རྒྱ་ནག་རྒྱལ་ཁབ་ཀྱི་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཞུགས་རྗེས། ༢༠༡༢ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་འགྲན་ཚོགས་ནང་ཞུགས་པ་དང་། དེ་བཞིན་སྤྱི་ལོ་༢༠༡༥ལོའི་སི་ཕེན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལེ་༢༠ཅན་གྱི་བུད་མེད་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཨང་གཉིས་པ་དང་། རྒྱ་ནག་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་གྱི་ནང་ཡང་སྤྱི་ལེ་༢༠ ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བཅས་ཐོབ་མྱོང་ཡོད།


གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། སྟག་ལྷ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
གྲོས་ཚོགས་ནང་ཇོ་ནང་སྤྱི་འཐུས་ཁ་སྣོན་དང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་སོང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡོ་རོབ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་ཚོགས་ཆེན་སྟེང་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མགོན་པོ་མཆོག་ཁོ་ནར་ཡོད་པའི་སྤྱི་མོས་གྲོས་ཆོད་བཞག་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎