༧གོང་ས་མཆོག་གི་མ་འོངས་ཡང་སྲིད་དང་འབྲེལ་ནས་བོད་རིག་པ་བ་ཞིག་གིས་རྒྱ་ནག་ལ་ལན་འདེབས་བྱས་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད། རྒྱ་ནག་གཞུང་གི་བཤད་སྟངས་ལ་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་པའི་བོད་རིག་པ་བ་ཀལོཌ་ཨར་པེ་(Claude Arpi)་ལགས་ཀྱིས་ལན་འདེབས་ཀྱི་དཔྱད་རྩོམ་ཞིག་ཁོང་གི་དྲ་ཚིགས་ཐོག་བྲིས་འདུག་པ་འདིའི་ནང་། མ་འོངས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་༧སྐུ་ཕྲེང་བཅོ་ལྔ་པ་ཆེན་པོ་མཆོག་རྒྱ་གར་ནང་ཕེབས་རྒྱུའི་ཐུགས་ཐག་བཅད་གནང་ཚེ། ཁོང་ཉིད་རྒྱ་གར་གྱི་ཆེས་གཟི་བརྗིད་ཅན་གྱི་ཆེས་མཐོའི་སྐུ་མགྲོན་དུ་ངོས་འཛིན་ཞུ་རྒྱུ་ཡིན་པ་རྒྱ་གར་གཞུང་གིས་ངོས་ནས་ཁ་གསལ་གྱིས་བརྗོད་དགོས་པ་རེད་ཅེས་གསུང་འདུག
ད་དུང་བོད་རིག་པ་བ་ཀལོཌ་ཨར་པེ་ལགས་ཀྱིས་སྤེལ་བའི་དཔྱད་རྩོམ་དེའི་ནང་། རྒྱ་ནག་གཞུང་གིས་སླར་ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་གནད་དོན་དེ་རྒྱ་ནག་ལ་བདག་དབང་ཡོད་སྐོར་སྤྱི་ཟླ་༢ཚེས་༢༢ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཐོག་རྩོམ་ཡིག་སྤེལ་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་༧སྐུ་ཕྲེང་རིམ་བྱོན་དང་༧པན་ཆེན་སྐུ་ཕྲེང་རིམ་བྱོན་ངོས་འཛིན་ཞུ་ཕྱོགས་ཐད་གནས་ཚུལ་རིམ་པའི་ནང་། ཆོས་ཕྱོགས་ཀྱི་འགྲོ་ལུགས་གཞིར་བཟུང་། དུས་རབས་༡༣པའི་མཇུག་ཙམ་ནས་རྒྱ་ནག་གཞུང་གིས་ལྟ་རྟོག་དང་ལམ་སྟོན་འོག་རྒྱ་ནག་རྒྱལ་ཁབ་ཀྱི་ནང་དུ་ངོས་འཛིན་བྱེད་ཀྱི་ཡོད་ཚུལ་བཤད་ཡོད་ཀྱང་། དོན་དངོས་ཐོག་ཕྱི་ལོ་༡༩༥༡ལོར་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གིས་བོད་ལ་བཙན་འཛུལ་མ་བྱས་བའི་བར་བོད་དེ་རྒྱ་ནག་གི་ས་ཁོངས་ཤིག་གཏན་ནས་མིན་ཅིང་། དེ་ཡང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་པ་མ་གཏོགས་དེ་མིན་བོད་ཀྱི་ས་ཁོངས་ཕལ་ཆེ་ཤོས་དེ་རྒྱ་ནག་གི་ཞིང་ཆེན་འདྲ་མིན་གྱི་ཁོངས་སུ་བཅད་འགོས་བྱས་ཡོད་པ་ལྟར། རྒྱ་གར་གྱི་ནང་གནས་བཞུགས་བོད་རིག་པ་བ་སྐུ་ཞབས་(Claude Arpi)་ལགས་ཀྱིས། བོད་ལྗོངས་ཞེས་པ་དེར་རྒྱ་ནག་གཞུང་གིས་ཕྱིས་སུ་དབྱིན་ཡིག་ནང་(Tibet)་ནས་ (Xizang)་ཟེར་བར་མིང་འབོད་ཚུལ་ལ་བརྗེ་སྒྱུར་བྱས་པ་དང་། དེ་ནི་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་གཅིག་པུ་ལྟ་བུ་ཡིན་ཞིང་། པེ་ཅིང་སྲིད་གཞུང་གིས་དེ་ལྟར་མིང་བསྒྱུར་བྱས་པ་ཙམ་གྱིས་བོད་ཀྱི་ལོ་རྒྱུས་བརྗེ་པོ་རྒྱག་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཐོག་སྤེལ་བའི་དཔྱད་རྩོམ་དེའི་ནང་དུ། སྤྱི་ལོ་༡༩༥༡ལོར་བོད་ལྗོངས་ཟེར་བ་ཞི་བའི་བཅིངས་འགྲོལ་བཏང་བ་ནས་བཟུང་། རྒྱ་ནག་དབུས་གཞུང་གིས་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་སྲོལ་རྒྱུན་འགྲོ་ལུགས་དེ་ཉིད་མུ་མཐུད་རྒྱུན་འཁྱོངས་དང་དེ་ལ་གུས་བརྩི་བྱེད་ཀྱི་ཡོད་ལུགས་བཀོད་ཡོད་པ་རེད།
སྤྱི་ཟླ་དང་པོའི་ཚེས་༥ཉིན་གོང་ཞུས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཐོག་བོད་ཀྱི་གནད་དོན་ཐད་ཀྱི་ཆེས་མཁས་པ་ཞེས་པའི་སྐད་ཆ་ལུངས་འདྲེན་བྱས་ནས། རྒྱ་ནག་དབུས་གཞུང་གིས་༧གོང་ས་སྐུ་ཕྲེང་༡༤ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་ལམ་སྟོན་བྱེད་ཁུལ་བྱས་ཏེ། སྐུ་གོང་མ་ལྟར་དུ་མཐར་རྒྱ་ནག་དབུས་གཞུང་གིས་ཆོག་མཆན་ཐོབ་དགོས་ལུགས་བརྗོད་ནས་དྲིལ་བསྒྲགས་ལོག་པ་བྱེད་ཀྱི་ཡོད་པ་མ་ཟད། དེ་བས་དགོད་བྲོ་བ་ཞིག་ལ་རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་ཡང་སྲིད་གནད་དོན་ཐད་ཀྱི་ཆེད་མཁས་ཡིན་པར་བརྗོད་བཞིན་པ་ཆེད་མཁས་པ་དེས་(Zhu Weiqun)་གི་སྐད་ཆ་ལུང་འདྲེན་བྱས་ཅིང་། ཁོ་པ་རྒྱ་ནག་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ལྷན་ཁང་གི་གཙོ་འཛིན་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ནང་མ་ཞིག་ཡིན་པ་གསལ་སྟོན་བྱས་འདུག་ལ། དམར་ཤོག་ཚོགས་པས་ཡང་སྲིད་ངོས་འཛིན་ཐད་སྐད་ཆ་བཤད་པ་དེ་རན་པོ་དང་འཚམས་པོ་མེད་པ་གསལ་སྟོན་བྱས་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།